ཁ་བའི་སྲས་ཀྱི་སྙན་ཚོོོམ།

སྙིང་ཤ་འགུལ་དུས། སེམས་ན་དྲག་ཏུ་འབར་བ་སྙིང་སྟོབས་ཡིན་ལ ཁ་ནས་འུར་གྱིས་ཤོར་བ་ཡང་སྙིང་སྟོབས་ཡིན མི་རིགས་ཀྱི་མགོ་བོ་དུད་པའི་དེ་རིང ང་ཚོའི་ཚོར་འདུ་གཅིག་ཏུ་བསྡུས་ན “ཞེ་སྡང་སེམས་ལ་ཡོད་ཀྱང དགྲ་ལ་དགའ་ཚུལ་སྟོན”་པའི་སྐྱོ་གར་འདི་དག མི་རབས་ཇི་ཙམ་ལ་འཁྲབ འཁོན་འཛིན་དང་འཐབ་མོ རང་ས་བཙན་འོག་བཅུན་པའི་མི་རིགས་ཤིག་གི་བླ་འཁར་ཡིན “ཞེ་སྡང་སེམས་ལ་ཡོད་ཀྱང དགྲ་ལ་དགའ་ཚུལ་སྟོན”་པའི་སྐྱོ་གར་འདི་དག མི་རབས་ཇི་ཙམ་ལ་འཁྲབ གནའ་བོ་ཕོ་བྲང་དང་རྒྱལ་པོའི་མཁར་གྲོང མེས་པོའི་སྐད་ངག་དང་ཕ་མའི་དབྱངས་རྟ ཡིག་དྲུག་ཟློས་བརྗོད་ཀྱི་སྔ་གཞུག་ཏུ་ཅི་འདྲའི་ཡ་ང་བ་ཞིག “ཞེ་སྡང་སེམས་ལ་ཡོད་ཀྱང དགྲ་ལ་དགའ་ཚུལ་སྟོན”་པའི་སྐྱོ་གར་འདི་དག མི་རབས་ཇི་ཙམ་ལ་འཁྲབ ༢༠༡༨/༤/༥ རྒོད་ཅིག་ལ་སྐད་ཆ་བཤད་པ། རྩོམ་པ་པོ་ཞོགས་ལྗང་ལགས་ལ་བྲིས། ཁ་བའི་སྲས། ཕོ་རྒོད་འདི་རི་བོ་ཞིག་ཡིན རླུང་དམར་གྱིས་སྒུལ་མི་ཐུབ ཕོ་རྒོད་འདི་གངས་རི་ཞིག་ཡིན ཐལ་རྡུལ་གྱིས་ནམ་ཡང་རེག་མ་མྱོང ཕོ་རྒོད་འདི་གངས་སེང་ཞིག་ཡིན། ཝ་མོའི་གཡོ་སྒྱུ་ལ་སེམས་པ་གཏོད་མ་མྱོང ཕོ་རྒོད་འདི་མི་རུས་པ་ཅན་ཞིག་ཡིན རུས་པ་སྨྱུ་གུ་ལ་བརྒྱུས་ནས མནར་གཅོད་ཀྱི་ངོ་གདོང་མི་ཡུལ་དུ་བཞེངས གདོང་དམར་ས་ཡ་དྲུག་གི་ཆེད་དུ འགྱོད་པ་སྐྱེས་མ་མྱོང་བའི་ཕོ་རྒོད་རུས་པ་ཅན མགོ་ལ་བྱ་འཕུར་མ་མྱོང་བའི་ང་ཡི་མྱི་རྒོད བཙན་པོའི་ལོ་རྒྱུ་ལ་རྔ་མ་འབྲི་མི་འདོད་པའི་ང་ཡི་མྱི་རྒོད ལོ་རྒྱུས་ཀྱི་ཚེ་སྲོག་རྡོག་རོལ་གཏོང་མ་ཕོད་པའི་ང་ཡི་མྱི་རྒོད མྱི་རྒོད ང་ཡི་མྱི་རྒོད བོད་ཀྱི་མྱི་རྒོད ཁྱེད་ཀྱིས་ངའི་སྙན་ངག་འདི་མ་བཀླག་རོགས སྒེར་གཅོད་པས་ཁྱེད་རང་བསྐྱར་དུ་བཙན་འཁྲིད་བྱེད་སྲིད རང་དབང་དང་མི་རིགས་ཀྱི་དོན་དུ་ང་ཚོ་འཆི་བ་མི་སྐྲག་ཀྱང གཉའ་གནོན་དང་བཙན་དབང་དེ ཉིན་གཅིག་ཁུར་དགོས་ཀྱང་ལོ་དང་བསྐལ་བ་ལས་རིང * ཀ་ཁའི་སྙན་ངག་པ། ཀ་ཁའི་སྙན་ངག་པས་རྟ་བདུན་དབང་པོའི་རྒྱབ་གི་ལྷ་སྒྲུང ཁར་རྩང་རྨི་ལམ་ནང་གི་བུ་མོ་དེ་དང་འདྲ་བ སྔས་མགོ་འཇོག་སྟངས་ནོར་པའི་ཉེས་པ་ལ་བསམས་ནས …

སྟག་ཚང་རིག་རྒོད་ཀྱི་སྙན་རྩོམ།

  ~~~~~སྟག་ཚང་རིག་རྒོོད། སྔོན་ཚེ་གངས་ལྗོངས་བྱ་བའི་སྐྱེད་ཚལ་ན།། ཡབ་ཡུམ་ཉི་ཟླ་ལྟ་བུའི་སྐུ་གམ་ནས།། ན་ཚོད་མྱུ་གུ་གསར་པ་བཞད་དུས་ནས།། བདག་གི་སེམས་པ་ཁ་བའི་ས་གཞིར་འདྲེས།། བརྒྱད་པ་ཁ་ཆག་ལོ་ཡི་དཔྱིད་དུས་ནས།། སློབ་དཔོན་རི་རྒྱལ་འདྲ་བའི་སྐུ་གམ་ནས།། ཀ་ཁའི་དབྱངས་རྟ་གྱེར་བའི་དུས་ཚིགས་ནས།། བདག་གི་དུང་ཞེན་ཁ་བའི་ཆབ་ལ་འདྲེས།། བཅུ་གསུམ་ལོ་ལ་ཀ་ཁའི་གར་སྟབས་ལོབས།། བཅུ་བཞིའི་ལོ་ལ་དམ་པའི་གསུང་རབས་མཇལ།། འདི་ལྟར་ལོ་ཟླ་མང་པོ་འདས་ཤུལ་ནས།། བདག་གི་ཁྲག་རྒྱུན་ཁ་བའི་སྲོག་དང་འདྲེས།། བཅུ་དྲུག་ལོ་ལ་སྔོན་གྱི་སྨོན་ལམ་དང་།། ཕྲལ་གྱི་རྐྱེན་རྣམས་མ་ཚང་མེད་པ་ཡིས།། གཞོན་པའི་བློ་ཁ་རྒྱལ་ཁམས་གཞན་དུ་བསྒྱུར།། སྐྱབས་གྱུར་བླ་མའི་བྱིན་རླབས་ཐོབ་ལ་རེ།། སྲིད་པའི་ཏོག་གྱུར་སྐྱིད་པའི་གངས་ལྷོངས་དང་།། བྱམས་པའི་གཙུག་གྱུར་དྲིན་ཆེན་གཉེན་ཉེའི་ཚོགས།། ཆུང་ནས་འདྲིས་པའི་རྟ་ནོར་ལུག་གསུམ་སོགས།། གཅེས་ཤིང་དུང་ནའི་ཚོགས་རྣམས་ཤུལ་དུ་བསྐྱུར།། རབ་སྟུག་མཆེ་བ་ཅན་གྱི་ནགས་ཀླུང་དང་།། མུ་མེད་བྱེ་མ་ཅན་གྱི་མྱ་ངམ་ཐང་།། འཆི་བ་དོགས་མེད་གཡང་ས་འཇིགས་རུང་སོགས།། ངལ་བས་བརྒལ་སྟེ་འཕགས་པའི་ཡུལ་དུ་བརྟོལ།། ཚེ་རབས་གཏན་གྱི་སྐྱབས་གྱུར་བླ་མ་མཇལ།། དད་པའི་མཆི་མས་བྲང་གཞུང་རྒྱ་མཚོར་བསྒྱུར།། དད་པའི་སྟོབས་ལས་དད་པའི་བ་སྤུ་ལངས།། གང་གི་གཟི་བྱིན་མ་བཟོད་ལུས་ཕུང་འདར།། གང་གི་ཞལ་གྱི་དཀྱིལ་འཁོར་མཇལ་ཙམ་གྱིས།། ངག་ནས་ངུ་མ་དགོད་ཀྱི་མདངས་ཤིག་ཐལ།། དད་ཅིང་གདུང་བའི་ཤུགས་ཀྱིས་སྙིང་ཁ་སིགས།། འདི་ནི་ཚེ་རབས་དུ་མར་སྨོན་པའི་འབྲས།། བདག་ཅག་གངས་ཅན་པ་ཡི་སྐྱབས་གཅིག་པུ།། བཞིན་རས་བྱམས་བརྩེའི་འོད་དང་ལྡན་གྱུར་ནས།། མ་འོངས་གངས་ལྗོངས་སླད་དུ་འབད་དགོས་ཞེས།། གསུང་གི་བྱིན་རླབས་བདག་སོགས་རྣམས་ལ་བསྩལ།། བཅུ་བདུན་ལོ་ནས་གཞན་ཡུལ་ནགས་ཀླུང་འདིར།། དགེ་བའི་བཤེས་གཉེན་མང་དུ་བསྟེན་གྱུར་ནས།། དཀའ་བ་ཁྱད་དུ་གསོད་པའི་འདུན་པ་སྐྱེས།། ཁ་བའི་རིག་པར་འབད་པའི་གོམ་སྟབས་བསྒྱུར།། འཕགས་ཡུལ་ཚད་པ་ཅན་རྒྱལ་ཁམས་ནས།། འཁྱགས་དང་ལྟོགས་ཀྱི་དཀའ་བ་དང་དུ་བླངས།། འཚོ་བ་ངན་ངོན་ཙམ་ལ་བསྟེན་གྱུར་ནས།། དམ་པའི་གསུང་རབས་བརྒྱ་ནས་སྟོང་ལ་མཇལ།། ཆོས་ཀྱི་ཞིང་དང་ཤེས་རིག་གཏེར་གྱུར་བའི།། སློབ་གླིང་མང་པོར་བཅུ་ཕྲག་ལོ་ལ་གཏུགས།། གཞན་ངོ་དཀར་ནང་མང་པོར་འཛུམ་བསྟན་ནས།། ཕུགས་ཀྱི་འདུན་པ་དཀར་པོ་སྐྱོང་ལ་འབད།། …

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྐོར།

 སང་ཉིན་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་ཉིད་དངོས་སུ་འཚོག་རྒྱུ་རེད། ཐེངས་འདིའི་ཚོགས་འདུའི་ཐོག་ས་གནས་ཁག་མང་པོ་ནས་སློབ་ཆེན་སློབ་མ་མང་པོ་འདུ་འཛོམས་ཐོག་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཤེས་ཡོན་དང་འགན་འཁྲི་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཉིན་ལྔ་ཙམ་བྱ་རྒྱུ་རེད། དེ་དང་འབྲེལ་བའི་གསར་འགྱུར་མདོར་བསྡུས་ཤིག་གཤམ་དུ་ཕུལ་ཡོད།

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཚོགས་བརྡ།

༄༅།། ལྷག་བསམ་ཅན་གྱི་བཀུར་འོས་ས་གནས་ཁག་གི་བོད་རིགས་མཐོ་རིམ་སློབ་མའི་འགན་འཛིན་རྣམ་པའི་སྙན་ལམ་དུ་ ཆེད་ཞུ། ཀུན་གྱིས་དགོངས་མངའ་བཞིན། སྔ་ལོར་མང་མོས་འོས་བསྡུར་གྱིས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་འཚོག་རྒྱུར་གཏན་འཁེལ་བྱུང་བ་ལྟར། ངེད་སྐབས་བཅུ་གཉིས་པའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གིས་ལན་མང་གྲོས་བསྡུར་ཞུས་ཏེ། ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༣ ཚེས་༤ ནས་༩ བར་འཚོག་རྒྱུ་ཐག་ཆོད་ཟིན་ལ། ད་ལན་ཚོགས་ཆེན་འདིར་ས་གནས་ ༤༡ ནས་ཚོགས་བཅར་བ་ ༡༤༥ ཙམ་ཞུགས་རྒྱུའི་རེ་བ་བྱེད་བཞིན་ཡོད། འདུ་འཛོམས་ཀྱི་གོ་སྐབས་འདི་ནི་རང་ཅག་མཐོ་རིམ་སློབ་མ་རྣམས་ཀྱི་བར་ཤེས་རིག་དང་ཉམས་མྱོང་བརྗེ་རེས་ཀྱི་གོ་སྐབས་བཟང་པོ་ཞིག་ལགས་ན། ཕྱོགས་མཐར་ཁག་ཏུ་ཡོད་པའི་དོན་གཉེར་ཅན་གྱི་མཐོ་རིམ་སློབ་མ་རྣམ་པས་ཚོགས་ཆེན་འདི་ཉིད་གལ་གནད་ཆེན་པོར་གཟིགས་ཏེ། ཚོགས་བཅར་བ་གང་མང་མཉམ་ཞུགས་ཐུབ་པའི་རྒྱབ་སྐྱོར་གང་ལེགས་གནང་སྐྱོང་ཡོང་བར་མཁྱེན་མཁྱེན་ཞེས། སྐབས་བཅུ་གཉིས་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་ནས་ སྤྱི་ལོ་༢༠༡༨ སྤྱི་ཟླ ༢ ཚེས་༢ ཉིན་ཕུལ།

དཔྱད་རྩོམ་འགྲན་བསྡུར་གྱི་གསལ་བསྒྲགས།

༄༅། ། རྒྱ་བལ་འབྲུག་གསུམ་དུ་བཞུགས་པའི་ཤེས་ལྡན་བཙན་བྱོལ་བོད་རིགས་མཐོ་རིམ་སློབ་མ་ཡོངས་ལ་ཆེད་ ཞུ། ཀུན་གྱིས་མཁྱེན་གསལ་ལྟར། ལོ་ལྟར་བོད་རིགས་མཐོ་རིམ་སློབ་མའི་གོ་སྒྲིག་ཚོགས་ཆུང་ནས་རྒྱ་བལ་འབྲུག་གསུམ་གྱི་བོད་རིགས་མཐོ་རིམ་སློབ་མའི་བར། བོད་དབྱིན་སྐད་ཡིག་གཉིས་ཀྱི་ནང་དཔྱད་རྩོམ་འགྲན་བསྡུར་བྱེད་སྲོལ་བཞིན། འདི་ལོ་ཡང་སྐབས་བཅུ་གཉིས་པའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གིས་ངོས་ནས། བོད་རིགས་གཞོན་སྐྱེས་སྤྱིར་དང་བྱེ་བྲག་མཐོ་རིམ་སློབ་མའི་ཤེས་ཡོན་དང་བསམ་བློ་འཁྱེར་སོ་སོགས་དང་འབྲེལ་བའི་བརྗོད་གཞི་ཁག་བཞིའི་ཐོག་ལ་དཔྱད་རྩོམ་འགྲན་བསྡུར་ཞིག་གོ་སྒྲིག་ཞུས་ཡོད་ལགས་ན། གཤམ་གསལ་བརྗོད་གཞི་བཞི་པོ་གང་རུང་གི་ཐོག་ལ་དཔྱད་རྩོམ་འབྲི་མཁན་སློབ་མ་གང་མང་ཡོང་བའི་རེ་སྐུལ་ཞུ་བཞིན་མཆིས།།

ཝཱ་ཎ་མཐོ་སློབ་ཀྱི་སྙན་ངག་ཆེད་བཀོད།

༈ང་རང་ལྟ་བུའི་ཉིན་ཞིག                   ལྡོམ་བུ། ཁྱེད་རང་རྨི་ལམ་དུ་མཇལ་རྗེས།  རླུང་བུ་ཞིག ཁྱེད་དྲན་བཞིན་པའི་ངའི་སེམས་པ་ལྟར། འཁྱག་ཤུར་ཤུར་ལྡང་བྱུང་། གནམ་རྒན་མོས་ཀྱང་། བརྩེ་བའི་གཟེབ་ཏུ་ཚུད་པའི་ཁོ་བོ་ལྟར། གདོང་གནག་ཐུབ་ཚོད་ཅིག་གནག་རྗེས། མིག་ཆུ་ལྟ་བུའི་ཆར་ཐིགས་འགའ་གཏོར་མོད། ལོ་ཉེས་བྱུང་ཟིན་པའི་ཞིང་པ་ཚོར། ཆར་ཐིགས་འགའ་དེས་ཅི་ཞིག་བྱ་ཨང་།   ཁྱེད་དང་ཞིང་པ་ཚོ་མི་མཚུངས་ནའང་། ངའི་མིག་ཆུ་ཁྱེད་ལ་ཕན་ཐོགས་མེད་པ་ཇི་བཞིན། ཉི་མ་སེར་པོ་དེས། ཁྱེད་བསྐྱུར་མི་ཐུབ་པའི་ངའི་སེམས་པ་ལྟར།

“ འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་སྐྲུན་ཐབས་ ”སྐོར་ལ་དཔྱད་པ།

ནོར་གླིང་མཐོ་སློབ།   ལི་ཐང་དབྱིག་གཉེན། [ནང་དོན་གནད་བསྡུས། ] ཐུབ་པའི་དགོངས་པ་བཀའ་འགྱུར་དང་བསྟན་འགྱུར་ལས་ “འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས ” ་ཇི་ལྟར་བྱ་བ་དང་།  དེང་རབས་དང་མཐུན་པའི་ཐོག་ནས་༸ རྒྱལ་བ་རིན་པོ་ཆེའི་དགོངས་པ་ལྷན་ཐབས་བྱས་ཏེ་ཁ་གསལ་བྲིས་ཡོད། [བརྡ་ཆད་གཙོ་བོ།] བདག་གཞན་མཉམ་པ།  བདག་བས་གཞན་གཅེས།  གཅིག་མཚུངས།  འདྲ་མཉམ།

སྦྲ་ནག        

ས་རཱ་མཐོ་སློབ། པདྨ་རྣམ་རྒྱལ། ཨ་ཕས་བཤད་ན།   སྒོ་ཁྱི་དང་དར་ལྕོག་གིས་སྲུང་བའི་སྦྲ་ནག་དེ་ནི་ལོ་རྒྱུས་ཀྱི་བདེན་པ་རུམ་པའི་མེས་པོ་ཚོའི་རྣམ་ཤེས་རེད་ཟེར།  ཨ་མས་བཤད་ནའང་།  མ་ཎི་ཡིག་དྲུག་གི་དབྱངས་ལ་ཐིམ་པའི་སྦྲ་ནག་དེ་ནི་ཕ་མེས་ཚོའི་ཞལ་ཆེམས་རེད་ཟེར། གང་ལྟར་ཀྱང་རླུང་གིས་བསྐྱོད་པའི་དར་ལྕོག་དེས་ང་ལ་ཆེས་ཐོག་མར་གཞུང་དྲང་རྣམ་དག་གི་སེམས་པ་གནང་ཞིང་།    སྒོ་ཁྱི་ཡིས་ང་ལ་ཐོག་དང་པོར་རང་ཚུགས་་འགྱུར་མེད་ཀྱི་མི་གཞི་བསྐྲུན་པ་ནས་བཟུང་། ང་ནི་སྦྲ་ནག་འདིར་གཅེས་ཤིང་དུངས་བར་གྱུར་ལ།    

འཆར་ཀའི་འབོད་པ།

རྩོམ་པ་པོ། སྟག་ཚང་རིག་རྒོད། ཟླུམ་གཟུགས་ས་ཡི་ཡང་སྟེང་དེ་ན་སྣོད་བཅུད་མེ་ཏོག་མངོན་པར་བཞད་ཅིང་ཤེས་རིག་འབྲུ་ཡི་སྙེ་མ་ལྡེམ།། ཐོས་དང་སྒོམ་པ་བསམ་པའི་ལམ་ཡངས་ངལ་བས་བགྲོད་དེ་ས་ཆེན་རྩེ་མོར་སྲོལ་རྒྱུན་རིག་པའི་སྒྲོན་མེ་སྦར།། དཀར་ནག་རྒྱ་དང་བལ་བོ་ལ་སོགས་ཤེས་རིག་དཔལ་མོ་ཉ་གང་ཟླ་བའི་ལེགས་ཚོགས་མ་ལུས་འབད་པས་བཏུས།། མཐོ་སྒང་ཉི་མའི་ཁྱིམ་རྒྱུད་རྩེ་མོར་མུན་པའི་འཇིག་རྟེན་ཡོངས་སུ་བརླགས་ཤིང་སྣང་བའི་འོད་ཀྱིས་འགྲོ་རྣམས་བསྐྱངས།།

མཚམས་སྤྲིན་ལ་འཁྲི་བའི་སེམས་རིས།

  ས་རཱ་མཐོ་སློབ།  སྟག་ཚང་རིག་རྒོད། དབྱར་གྱི་ཆུ་འཛིན་སྟུག་པོར་འཁྲིགས་ཤིང་། ཆར་གྱི་གཟེགས་མ་བར་མེད་དུ་འཐོར་ལ། ལྗང་མདོག་གི་མྱུ་གུ་རྣམས་ཉིན་རེ་བཞིན་སྨིན་ཡོང་བའི་དུས་ཚིགས་དེ་ཡོངས་སུ་རྫོགས་ཟིན། སྐབས་དེ་དུས། གྲང་ངར་བཙན་པོ་ཞིག་ལྷོ་མཐའི་རླུང་དང་འགྲོགས་ནས་ངའི་ཁོར་ཡུག་ཏུ་ལྡང་བྱུང་། ས་གཞི་ཡངས་པོར་ལྗང་མདོག་གི་འབྲས་བུ་སྨིན་ཅིང་། ཞིང་སའི་སྙེ་མ་རྣམས་རླུང་གིས་དལ་གྱིས་སྐྱོད་པ་འདི་ནི། མཚོ་མོའི་རླབས་རིས་དང་ཅི་འདྲའི་མཚུངས་ཨང་།