སེམས་ཀྱི་ཉི་མ་ཕྱི་མའི་ལ་ཁར་བཞུད་རྗེས་ཀྱི་སྨྲེང་གླུ།

རྩོམ་ཡིག་འདི་ཐེངས་ 55 བཀླགས་འདུག

༄༅། །སེམས་ཀྱི་ཉི་མ་ཕྱི་མའི་ལ་ཁར་བཞུད་རྗེས་ཀྱི་སྨྲེང་གླུ།

                                      ~~~~~སྟག་ཚང་རིག་རྒོད

ས་ཆེན་ཡངས་པོ་ཚད་པས་བཟུང་ཞིང་ནགས་ཀླུང་སྐྱོ་བོ་དྲི་མས་སྦཌ།།

བསིལ་རླུང་འཇམ་པོ་རྒྱང་ལ་ཆས་ཤིང་ལྗོན་པའི་ཚོཌ་རྣམས་མྱ་ངན་བྱེད།།

ཉི་མ་གཞོན་ནུ་འཕེལ་འགྲིབ་ལས་ཀྱིས་མི་འདུག་ཕྱི་མའི་ལ་ཁར་བཞུད།།

མུན་པའི་དམག་གིས་སྣང་བ་ཉམས་པས་བདག་གི་འཇིག་རྟེན་སྨག་ལ་ཤོར།།

 

སྨུག་སྤྲིན་ལང་ལིང་མུན་པའི་དབྱིངས་སུ་འགུལ་མེད་བེམ་གཟུགས་ཉིད་དུ་གྱུར།།

གྱ་གྱུའི་ལམ་ཕྲན་རྒྱང་ལ་ཟུག་ཀྱང་བགྲོད་པའི་གོམ་སྒྲ་ཐོས་མ་འགྱུར།།

འབར་འབུར་རི་བོའི་རྩེ་མོ་འགའ་རེ་རྒྱ་མཚོར་ནུབ་པའི་མི་ཚོགས་བཞིན།།

ཅུང་ཟད་སྣང་ཡང་རབ་རིབ་ཉིད་གྱུར་རིམ་བཞིན་མི་མངོན་དབྱིངས་སུ་ཆས།།

 

རྒྱང་རིང་གནམ་སའི་མཐུད་མཚམས་ཤིག་ནས་གྲོང་གི་གློག་སྒྲོན་མིག་ལ་འཆར།།

ནན་གྱིས་ཉན་སྐབས་ཁྱི་ལྡོམ་འགའ་རེའི་ངུ་ཟུག་ཐོས་འཛིན་བུ་ཁར་གསལ།།

སྲིན་འབུ་ལ་སོགས་སྲོག་ཆག་ཆུང་ཆུང་ཡར་མར་ངེས་མེད་ས་རུ་འཕུར།།

བདག་ནི་ད་དུང་སེམས་ཀྱི་ཉི་མ་གང་ལ་བཞུད་པའི་ཤུལ་དུ་འཐོམས།།

 

སྐྱིད་སྡུག་འཚོ་བའི་འཇིག་རྟེན་འདི་ན་འོད་ཀྱི་སྣང་བས་སྟོང་གྱུར་ཕྱིར།།

བདག་ཉིད་གདུངས་ཤིང་མིག་ཟུག་བགྲད་དེ་ཡིད་ཁམས་རྒྱ་མཚོ་བཞིན་དུ་འཁྲུཊ།།

འདས་དོན་སྲིད་པའི་ལམ་ཕྲན་བཞིན་དུ་དྲན་པའི་ས་གཞིར་གསལ་ལེར་དོད།།

འདྲེན་བྱེད་ཆུ་ཕྲན་ཡར་ཆབ་བཞིན་གྱུར་སྨྲེ་སྔགས་འོ་དོད་བར་མེད་ཤོར།།

 

སྐྱིད་ཤོད་ལྷ་ཡི་ཞིང་ཁམས་ཡངས་མོར་མུན་པའི་དཔུང་ཆེན་ལྷཌ་པའི་མོད།།

སེམས་ཀྱི་ཉི་མ་རྒྱང་ལ་བཞུད་པའི་གཏམ་དེ་རྔ་ཆེན་བཞིན་དུ་གྲགས།།

ཁྱེད་ཞལ་པད་གསར་སྒེག་པའི་ཉམས་ལྡན་བདག་གི་དྲན་པའི་ངོས་སུ་འཆར།།

ཤུལ་ལུས་འཁྱམ་པོའི་འདྲེན་ཆེད་ཡོངས་སུ་དམར་པོར་གྱུར་ནས་ཧད་དེ་ལུས།།

 

ལྷན་འཛོམས་རྫོགས་ལྡན་དུས་ཀྱི་བག་ཆགས་རེམ་རེམ་མིག་ལ་ཤེད་ཀྱིས་གསལ།།

མི་ལོ་བཞི་ཡི་སྐྱིད་སྡུག་སྣ་ཚོགས་དྲན་པའི་སྦུབས་སུ་རླུང་འཚུབ་བཞིན།།

བདག་གི་ཚོར་ཤེས་འཆལ་ཞིང་ཉམས་པས་ཀུན་ཀྱང་གདུང་བའི་ཆོས་སུ་ཤར།།

བདག་ནི་སྲིད་པའི་ཁྱོན་ཆེན་འདི་རུ་ཁེར་རྐྱང་ལུས་པའི་སྣང་བ་སྐྱེས།།

 

དྲན་པའི་འཇིག་རྟེན་གདུང་བས་གཟེར་ཚེ་བགྲོད་པའི་གོམ་པ་འཁྱར་འཁྱོར་གྱུར།།

མིག་གི་ལམ་དང་ཐོས་འཛིན་ཀུན་ཏུ་ཁྱོད་ཀྱི་གསུང་དང་བྱད་བཞིན་འཆར།།

གློ་བུར་གློ་བུར་བདག་གི་མིང་ནས་ཡང་ཡང་བོས་པའང་ཐོས་གྱུར་བས།།

ཁྱོད་ཉིད་བདག་གི་གམ་ན་ཡོད་སྙམ་བརྟག་ཚེ་གདུང་བས་རབ་ཏུ་མནར།།

བདག་སེམས་གངས་དཀར་ལྷུན་པོ་ལས་འབབ་དུང་བའི་ཆུ་ཕྲན་རྒྱུ་བ་ན།།

ཁྱོད་ཀྱིས་འཛུམ་པའི་ཚེམས་ཕྲེང་ངོམ་ཞིང་སྒེག་པའི་ལང་ཚོ་རྒྱས་པར་གྱུར།།

མ་སྨྲས་གཅིག་སེམས་གཅིག་གིས་ཤེས་པའི་ལྷད་མེད་མཛའ་སེམས་མེ་ཏོག་བཞད།།

མཇལ་འཛོམས་འབྲས་བུ་སྨིན་ལ་ཉེ་ཚེ་ཁྱོད་ཉིད་ཕྱི་མའི་ལ་ཁར་བཞུད།།

 

དབྱངས་ཀྱི་རྒྱལ་མོས་ཚངས་པའི་རྒྱུད་མངས་སྐྱེད་ཚལ་ངོས་སུ་འཁྲོལ་བ་བཞིན།།

ཤིན་ཏུ་སྙན་པའི་ཁྱོད་ཀྱི་གསུང་དབྱངས་བདག་གི་འཇིག་རྟེན་ཕང་བར་འཁྲོལ།།

ལོ་ཟླ་ཞག་གསུམ་ཁྱོད་ལ་ཆགས་པའི་ལས་ཀྱི་བུ་ཆུང་སར་མཐར་ལུས།།

གསར་སྐྱེས་གཞོན་ནུའི་ཡིད་ཁམས་ཡོངས་སུ་སེམས་ཀྱི་ཉི་མའི་མཛེས་པར་མྱོས།།

 

ཁྱེད་ཐུགས་དྲི་མེད་ཤེལ་གྱི་བུམ་པར་བདག་སེམས་མེ་ཏོག་རྒྱས་པར་བྱས།།

མཛའ་སེམས་འོ་མའི་ཆབ་ཀྱིས་བསྐྱངས་ཤིང་ལས་དང་དམ་ཚིག་གཅིག་དུ་སྦྲེལ།།

ལྷན་འགྲོགས་སྐལ་བ་དུས་དེར་མེད་ཀྱང་ནམ་ཞིག་མཇལ་བའི་སྨོན་པ་མཛད།།

རྣམ་དག་ཡིད་ཀྱི་གཤིས་ལུཌ་འདི་འདྲ་སྲིད་འདིར་བདག་གིས་ཁྱོད་ཙམ་མཐོང་།།

 

ནམ་ནམ་ཞར་ཞར་ཕན་ཚུན་དྲན་པའི་གདུང་བའི་མཆི་མ་ལྷན་དུ་ཤོར།།

སྐྱིད་པའི་དུས་སུ་ངེད་གཉིས་འཇིག་རྟེན་དགོད་སྒྲས་ཁྱབ་པ་ད་དུང་དྲན།།

སྙན་ཚིག་མེ་ཏོག་ཁྲི་ཕྲག་འཐོར་བ་ད་དུང་ཤོག་ལྷེ་དཀར་པོས་གསལ།།

གཏན་དུ་བརྗེད་མེད་ལས་ཀྱི་རི་མོ་སྲིད་པའི་ཁྱོད་འདིར་ཡོངས་སུ་མངོན།།

 

འོན་ཀྱང་ལས་ཀྱི་མུན་པ་ནག་པོས་སེམས་ཀྱི་ཉི་མ་རྒྱང་ལ་དེད།།

ཞེན་ཆགས་འཁུར་བའི་སྤྲང་ཕྲུག་འཁྱམ་པོ་ད་དུང་སྲིད་པའི་ཁམས་ན་རྒྱུ།།

མིག་ནས་མཆི་མ་བར་མེད་འཛག་པས་བདག་གི་ངོ་གདོང་སྐྱ་བོར་གྱུར།།

ལུས་ཟུངས་ཟད་ཅིང་མིག་ཟུང་བགྲད་ནས་རྣམ་ཤེས་འཆལ་བའི་ཚུལ་འདི་སྐྱོ།།

བདག་ནི་སེམས་ཀྱི་ཉི་མ་ནུབ་ཚེ་སྲིད་པའི་ཁམས་འདིར་གསོན་དཀའ་ཡང་།།

ཁྱོད་ཉིད་བཞུད་པའི་འཕྲང་ལམ་དོགས་མོར་རྐྱེན་ངན་བར་ཆད་མེད་པར་སྨོན།།

འཕཌ་མཆོག་ཐུཌ་རྗེའི་བྱིན་གྱིས་བརླབ་འགྱུར་ཕྱི་མའི་ལམ་དེ་ཡངས་པར་སྨོན།།

ཆོས་ལྡན་དག་པའི་ཞིང་ཁམས་ཤིག་ནས་སླར་ཡང་མཇལ་བའི་སྨོན་འདུན་ཞུ།།

ཁྱེད་ལ་དགའ་བའི་སྤྲང་ཕྲུག་སྟག་ཚང་རིག་རྒོད་ཀྱིས། རང་གི་དགའ་མ་འདི་ནས་ཕྱི་མའི་ལམ་དུ་བཞུད་པར་མྱ་ངན་མ་བཟོད་པར་སྨྲེ་སྔགས་འདི་ཤར་མར་བྲིས་པའོ།།

སྤྱི་ལོ་༢༠༡༨ཟླ་༣ཚེས་༡༩ཉིན་མ་ཡུམ་ས་རཱ་མཐོ་སློབ་ནས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *