ཝཱ་ཎའི་སློབ་གླིང།

རྩོམ་ཡིག་འདི་ཐེངས་ 109 བཀླགས་འདུག

ཝཱ་ཎའི་སློབ་གླིང།  རྩོམ་པ་པོ་ཁྱུང་ཕྲུག་དར་མ།

ཀ་བས་སྟོང་པའི་འཛིན་ཁང་བརྗིད་ཉམས་ལྡན།།
ཁ་ཕྱོགས་གཅིག་པའི་སློབ་མ་ཁྱུ་ཚོགས་ཤིག།
ག་དུས་ཡིན་ཡང་རིག་པའི་གཏེར་ལ་སྤྱོད།།
ང་ཚོའི་སློབ་གླིང་འདི་ནི་ངོ་མཚར་ཆེ།།

ཅ་ཅོའི་གཏམ་ཉོག་འུར་ལ་མི་སྤྲོ་ཞིང་།།
ཆ་ལུགས་བཟང་སྤྱོད་ཁོ་ནའི་རྗེས་སུ་སྙེགས།།
ཇ་ཡུན་ཙམ་ལ་སློབ་དང་མི་འབྲལ་བས།།
ཉ་མོ་ཆུ་ལ་གནས་འདྲའི་ཤེས་ལྡན་མང་།།

ཏ་ལེར་མཛེས་པའི་རྒྱུ་འབྱོར་མེད་ན་ཡང།།
ཐ་སྙད་དོན་གྱི་ཟབ་མོའི་གཞུང་ལུགས་དང་།།
ད་དུང་དེང་དུས་རིག་པའི་ལམ་ལུགས་ཀུན།།
ན་ཆུང་སློབ་མ་དུ་མས་བརྩོན་པའི་མཁར།།

པ་ཕ་རྒྱང་དུ་ལུས་ནས་ས་མཐར་འགྲིམས།།
ཕ་མའི་དྲིན་ལན་འཇལ་བའི་སྟ་གོང་དུ།།
བ་ངན་ལུག་རྫིའི་འཚོ་བ་ཀུན་དོར་ནས།།
མ་དང་བྲལ་ནས་སློབ་གླིང་འདིར་རུ་འཛོམས།།

ཙ་གེ་ཙིག་གེའི་དཀའ་ཚེགས་དུ་མ་འཇོམས།།
ཚ་གྲང་མི་སྙོམ་དུས་བཞིའི་འགྱུར་འགྲོས་འོག།
ཛ་དྲག་ཁྲོད་དུ་སློབ་ལ་རོལ་བ་སོགས།།
ཝཱ་ཎའི་གཙུག་ལག་ཆེན་པོ་རྣམ་པར་རྒྱལ།།

ཞ་བོར་རྐང་པའི་སྦྱིན་པ་གཏོང་བ་དང།།
ཟ་འདོད་བཀྲེས་སྐོམ་ཅན་ལ་ཟས་སྦྱིན་ལྟར།།
འ་ཅག་ཤེས་འདོད་བློ་ཅན་སློབ་མ་རྣམས།།
ཡ་མེད་ཆོས་ཀྱི་སྦྱིན་པའི་འབྱུང་གནས་ཡིན།།

ལྕང་རྭསབསྐོར་བའི་ཝཱ་ཎའི་སློབ་གླིང་འདིར།།
ལ་ལུང་མི་གཅིག་སློབ་མའི་ཁྱུ་ཚོགས་ཤིག།།
ཤ་ཚའི་རིག་གཞུང་རིས་མེད་གཞུང་ལུགས་ཀུན།།
ས་ཀུན་དབང་པོ་བཞིན་དུ་སྤྱོད་ཐུབ་པ།།
ཧ་ཅང་བསྐལ་པ་བཟང་བའི་དུས་ཡིན་ཞིང།།
ཨེ་མ་དེ་ལས་ངོ་མཚར་ཆེ་བ་ཅི།།

༢༠༡༨/༤/༡༦ མཚན་མོར་ཐོལ་བྱུང་དུ་བྲིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *