བསམ་པ་ཐོ་ལེ་བ།

རྩོམ་ཡིག་འདི་ཐེངས་ 61 བཀླགས་འདུག

བསམ་པ་ཐོ་ལེ་བ།

                        ཚལ་རྡོར་སྨྱོན།

ལྟེ་ནོར་འཛིན་རྒྱལ་མོའི་རྒྱན་དུ་འཕོས།།

ཕྱི་སྣོད་ཀྱི་འཇིག་རྟེན་བརྗིད་ཉམས་ཆེ།།

ནང་བཅུད་ཀྱི་འགྲོ་བ་གྲངས་ལས་འདས།།

དཀོན་དལ་འབྱོར་མི་ལུས་རིན་ཆེན་ཐོབ།།

 

ཟས་བདུད་རྩི་སྨན་དང་འདྲ་བ་ཡིས།།

ལུས་བཟང་པོའི་ཁོ་ལག་རབ་ཏུ་རྫོགས།།

འདོད་ཡོན་ཏན་སྤྱོད་པའི་མི་བུ་ཞིག །

གཞན་སྐྱེ་བོའི་ཚོགས་ཀྱི་བསྔགས་བྱའི་ཡུལ།།

 

ཡིད་མི་ཚིམས་རྒྱུ་ལུས་ཚོང་སྤོགས་བཞིན།།

ཁེ་བསམ་བཞིན་བསམ་བཞིན་སྡུག་ན་སྦྱར།།

ནོར་མི་རྟག་སྲིད་པའི་ཕུན་ཚོགས་ཀུན།།

ཕུང་འདྲེན་པ་ཀིམ་པའི་འབྲས་བུ་འདྲ།།

 

གཏམ་སྙན་གྲགས་འཇིག་རྟེན་ཆེ་རྒུ་དང་།།

ཐོབ་གོ་ས་རྟག་པའི་ཁོམ་གླགས་ཟད།།

གཡོལ་མི་གཏུབ་འདུས་བྱས་ཆོས་ཉིད་ཀྱིས།།

གཏམ་གོ་ས་ཚུར་བྱུང་བྲག་ཅ་བཞིན།།

 

སྟོབས་ཤེད་ཤུགས་རི་རྒྱལ་ལྷུན་པོར་སྒྲུན།།

བསླབ་ཤེས་སྦྱངས་ཡོན་ཏན་རྩྭ་རྩེའི་རྡུལ།།

ཡིད་བློང་པོ་གྱུར་ཀྱང་ལུས་སེམས་ཁོལ།།

དོན་བདེན་རྫུན་འཆོལ་བ་འཕོངས་པའི་གཞི།།

 

གཞོན་ལང་ཚོའི་མེ་ཏོག་མཛེས་དཔལ་ཡང་།།

ལུས་གཟི་བྱིན་མདངས་ཉམས་གཞུ་ལྟར་གུག

གཟུགས་རིད་པ་མགོ་སྐྱེས་དུང་ལྟར་དཀར།།

ལྡང་འདུག་ཀྱང་འཁར་རྟེན་ཀྱེ་ཧུད་ལགས།།

 

རྒྱུ་གློ་བུར་ལུས་ཀྱི་འབྱུང་བཞི་འཁྲུགས།།

ཟས་རོ་བརྒྱ་ཁུར་བུ་འདི་ཀོ་ཉིད།།

བཟོད་དཀའ་བ་ཟུག་རྔུའི་བྲོ་ནད་ཀྱིས།།

མགྲིན་དབུགས་ཀྱིས་མཛེར་བཞིན་རེ་ཐག་ཆད།།

 

ཚེ་མི་རྟག་སྟོན་ཀའི་གློག་འགྱུ་བཞིན།།

རྒས་མ་ཚོར་མཚན་མོའི་འཇབ་རྐུན་འདྲ།།

ནད་མི་འདོད་འབྱུང་བ་གློ་བུར་བ།།

སེམས་གློ་བུར་བསམ་པ་ཐོ་ལེ་བའོ།། །།

༢༠༡༨།༠༤།༡༡ཉིན་གྱི་མཚན་མོར་༼བསམ་པ་ཐོ་ལེ་བ།༽ཞེས་བྱ་བའི་ཚིགས་སུ་བཅད་པ་བརྒྱད་པོ་འདི་ནི་ཁོ་བོའི་རྟོག་པ་གློར་བརྡོལ་བ་འབའ་ཞིག་སུག་བྲིས་བྱས་པའོ།།  །།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *