འཇིག་རྟེན་ཕྱི་མར་སྤྲིངས་པའི་སེམས་གཏམ།

རྩོམ་ཡིག་འདི་ཐེངས་ 301 བཀླགས་འདུག

འཇིག་རྟེན་ཕྱི་མར་སྤྲིངས་པའི་སེམས་གཏམ།

                                            རྩོམ་པ་པོ་སྟག་ཚང་རིག་རྒོད།

ཁ་སྔོན་ཏེ། སྤྱི་ལོ་2018ཟླ་3ཚེས་21གིི་ཞོགས་པ་ཆུ་ཚོད་10:6 པའི་ཐོག ང་རང་ཧ་ཅང་བྲེལ་འཚུབ་ཆེ་རུང་ངས་གྱེར་ཚིག་ལྟ་བུ་སྙན་ངག་ཅིག་འབྲི་དགོས་ཟེར་ནས་ཁྱོད་ཀྱིས་ང་ལ་ཨུ་ཚུགས་བྱས་བྱུང་། ངས་ཀྱང་ཁྱེད་ཀྱི་རེ་འདོད་ལྟར་བྲེལ་ཟིང་གི་ཁྲོད་ནས་སྙན་ཚིག་གམ་གྱེར་ཚིག་དུམ་བུ་ཞིག་བྲིས་ནས་སྤྱི་ལོ་2018ཟླ་3ཚེས་22དགོང་མོའི་ཆུ་ཚོད་10:57ཐོག་ཁྱོད་ལ་ཕུལ་བ་ཡིན། སྤྱི་ལོ་2018ཟླ་3ཚེས་23ཞོགས་པའི་ཆུ་ཚོད་11:22ཐོག་ཁྱེད་ཀྱིས་ངའི་སྙན་ཚིག་དེ་གྱེར་ནས་བཏང་བྱུང་།

དེ་རྗེས་དེ་རིང་གི་བར་དུ་ཁྱེད་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད། དེ་རིང་གློ་བུར་དུ་ཁྱེད་ཀྱི་སྐད་འཕྲིན་བེད་སྤྱོད་གཏོང་བཞིན་པ་ཤེས་བྱུང་། དྲང་པོ་བཤད་ན་ངས་ནམ་རྒྱུན་ནས་ཁྱེད་ཀྱི་སྐད་ཆ་ལ་སྒུག་གི་ཡོད། ནམ་རྒྱུན་ངེད་གཉིས་ཕན་ཚུན་ལ་འཚམས་འདྲི་བྱེད་པ་ལས་སྐད་ཆ་མང་པོ་བཤད་ཀྱི་མེད་པས།  ངས་ཀྱང་དེ་རིང་ཨུ་ཚུགས་ཀྱིས་མང་པོ་ཞིག་བཤད་མེད།  རེད།  ང་ནམ་རྒྱུན་ནས་ཁ་ཉུང་བའི་མི་ཞིག་རེད་ལ།  ཁྱོད་ཀྱང་ལས་བྲེལ་ཧ་ཅང་ཆེན་པོ་རེད།

དེ་རིང་སྤྱི་ལོ་2018ཟླ་4ཚེས་17ཉིན་གྱི་དགོང་མོའི་ཆུ་ཚོད་8:16ཐོག་གློ་བུར་དུ་ང་ལ་ཡི་གེ་འབྲི་མཁན་དེ་ཁྱེད་ཀྱི་གཅུང་མོ་ཡིན་པ་དང་།  ཁྱེད་སྤྱི་ལོ་2018ཟླ་3ཚེས་23དགོང་མོ་འཇིག་རྟེན་འདི་ནས་གཏན་དུ་ཞལ་གྱེས་སོང་བ་གོ་བས། ང་ཡིད་གཏན་ནས་ཆེས་མ་བྱུང་།

འོན་ཀྱང་།  གཅུང་མོ་དང་སྐད་ཆ་རིམ་བཞིན་བཤད་སྐབས་ངས་གཏམ་ངན་འདིར་ཡིད་ཆེས་མ་བྱེད་ཐབས་མེད་དུ་གྱུར།  ངའི་ལུས་ཁམས་ཡོང་སུ་འདར་ཡོང་ཞིང་། སྙིང་ཁའི་སྦུབས་ནས་ན་ཟུག་ཅིག་རིམ་བཞིན་རྒྱས་སོང་།  ངའི་དྲན་པར་གསལ་བ་ནི་འདས་དོན་དག་ཡིན་ཞིང་།  ལྷག་པར་དུ་ཁྱེད་ཀྱིས་ངའི་སྙན་ངག་གྱེར་བའི་ཉིན་མོ་ནི་ང་དང་གཏན་དུ་གྱེས་པའི་ཉིན་མོ་ཡིན་པ་བསམ་ཡུལ་ལས་འདས་སོང་།

འཇིག་རྟེན་གྱི་མི་སུ་ཞིག་ཡིན་རུང་རང་རང་ལ་གསང་བ་རེ་ཡོད་ཅིང་། ང་གཉིས་ཀྱི་བར་ན་ཡང་སུས་ཀྱང་མི་ཤེས་པའི་འདས་དོན་མང་དག་ཅིག་ཡོད་པས། ངའི་དྲན་པའི་མེ་ལོང་ངོས་སུ་འདས་དོན་དེ་དག་གཅིག་གཅིག་གཉིས་གཉིས་བྱས་ནས་ཤར་བྱུང་། ད་དུང་ཁྱེད་དང་འུ་གཉིས་ཐོག་མར་མཇལ་བའི་དུས་ཚིགས་དང་། དགོད་བྲོ་ལ་ངུ་སྙིང་ཡང་འདོད་པའི་དུས་ཚིགས་དེ་དག་ཝ་ལེར་ཤར་བྱུང་།

ཁྱོད་འདི་ལྟར་ཆས་ནས་ཉིན་གྲངས་34སོང་ཞིང་། ངས་ཁྱེད་ཉིད་འཇིག་རྟེན་འདི་ནས་ཁ་བྲལ་བ་ད་ལྟའི་བར་དུ་མ་གོ་བ་རེད། ད་ལྟའི་བར་དུ་ངས་ཁྱོད་ལ་མཆོད་མེ་རྐང་གཅིག་ཀྱང་འབུལ་ཐུབ་མེད་ཅིང་། མ་ཎི་ཚིག་གཅིག་ཀྱང་བགྲང་ཐུབ་མེད། ངའི་ཡིད་ཁམས་ན་ཚོར་སྣང་སྣ་ཚོགས་པས་ཡོངས་སུ་འཚང་ནས་རེ་ཞིག་ཅི་བྱེད་འདི་བྱེད་མེད་པར་གྱུར་སོང་།

ཁྱེད་ཀྱི་གཅུང་མོས་ཁྱེད་ཉིད་ཇི་ལྟར་འཇིག་རྟེན་འདི་ནས་ཁ་བྲལ་ཚུལ་རྣམས་གསུང་སྐབས་ངའི་བློ་སྙིང་མཆིན་གསུམ་དུམ་བུར་བཏུབ་པ་ལྟ་བུའི་ཚོར་འདུ་སྐྱེས་ཤིང་། མིག་ཆུ་རྫོགས་མཐའ་མེད་པ་ཞིག་ངའི་བྲང་གཞུང་དུ་ལྷུང་སོང་ཞིང་། ད་དུང་ཡང་མིག་ཆུའི་རྒྱུན་ཐག་ཆད་མེད།

ཁྱེད་དང་འགྲོགས་པའི་ལོ་ཟླ་དེ་དག་གི་རིང་། སུས་ཀྱང་འགོག་ཏུ་མེད་པའི་ལྷད་མེད་བརྩེ་སེམས་ཀྱི་གངས་རི་མཐོན་པོ་ཞིག་ང་གཉིས་ཀྱི་སེམས་ངོས་སུ་བརྟན་པར་གནས་ཡོད་ཅིང་། དཀའ་ཁག་མང་པོ་ཞིག་དང་། སྤྲོ་སྣང་མང་པོ་ཞིག་གི་གཏམ་རྒྱུད་ཀྱང་ང་གཉིས་ཀྱི་སེམས་ན་གསོན་པོར་ཉར་ཡོད། འོན་ཀྱང་།  དུས་ད་ལྟར། གསང་བ་དེ་དག་ང་གཅིག་པུས་ཉར་དགོས་ཤིང་། ངའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ལ་ཁེར་རྐྱང་གི་ནག་ཐིག་ཕོགས་ཡོད།

ཁྱེད་འཚོ་བཞུགས་སྐབས་བཤད་པའི་སྐད་ཆ་དག་ངས་གསལ་གསལ་ཐིང་ཐིང་དུ་དྲན་ཡོང་གིན་འདུག་ལ། གློ་བུར་དུ་ཁྱེད་ཀྱི་དགོད་སྒྲ་ཞིག་ངའི་རྣ་ལམ་དུ་བྲག་ཆ་བཞིན་འཁོར་ཡོང་། མདུང་རྩེ་ལས་རྣོ་བའི་སྣང་ཚུལ་དེ་དག་གིས་ངའི་སྙིང་ཁར་གཙགས་ཡོང་དུས། ངུ་ངག་དང་མིག་ཆུ་ལ་རྫོགས་མཐའ་མི་འདུག  དོ་ནུབ་ངས་ཁྱོད་ལ་མང་པོ་མང་པོ་ཞིག་བཤད་འདོད་ཅིང་། དོ་ནུབ་ངས་ཁྱོད་ལ་མང་པོ་མང་པོ་ཞིག་འབྲི་འདོད། འོན་ཀྱང་། ཁྱོད་ཀྱིས་ངའི་སྐད་ཆ་དག་གསན་ཐུབ་བམ། ཁྱོད་ཀྱིས་ངའི་མིག་ཆུ་དག་མཐོང་སྲིད་དམ།

འཇིག་རྟེན་གཞན་ཞིག་ནས་ཁྱོད་ཀྱིས་ང་མཐོང་གི་ཡོད་ཚེ།  ངས་འདས་སོང་གི་གནད་དོན་མང་པོ་མང་པོ་ཞིག་ལ་འགྱོད་བཤགས་བྱེད་འདོད་ཅིང་། བཤད་མི་ཚར་བའི་སྙིང་གཏམ་ལྷག་མ་རྣམས་ཆད་ལུས་མེད་པར་བཤད་འདོད།  ད་དུང་ཁྱོད་ཉིན་གྲངས་འགའ་ཞིག་འཇིག་རྟེན་འདིར་གནས་ཐུབ་ཚེ། ངས་རང་སྲོག་དམར་པོ་བློས་བཏང་ནས་ཁྱོད་དང་ཆེས་མཐའ་མཇུག་གི་མཉམ་འཛོམས་ཤིག་ཅིས་ཀྱང་བྱ་ངེས་ཡིན།

འོན་ཀྱང་།  ཡོད་ཚད་སྟོང་བསམ་དང་། ཡོད་ཚད་འཆོལ་གཏམ་ལས་མེད་པས། ངས་སྙིང་གཏམ་ཡོད་ཚད་ཁོག་ཏུ་སྦས་ནས་འཇིག་རྟེན་ཕྱི་མ་ཞིག་ལ་རེ་སྒུག་བྱ་རྒྱུ་ཡིན། ནམ་རྒྱུན་ཁྱོད་ཀྱིས་ང་ལ་(སྟག་ཚང་སྨྱོན་པ་)ཟེར་ནས་འབོད་ཀྱི་ཡོད། དོ་ནུབ་ངས་ང་རང་ལ་(སྟག་ཚང་སྨྱོན་པ་)ཟེར་ནས་འབོད་ཀྱིན་ཡོད། གང་ལགས་ཤེ་ན་ངས་ཁྱོད་གཅིག་པུ་རྒྱང་རིང་དུ་བཞག་ནས་ངས་འདི་ནས་ཆེན་པོ་ཞིག་ལས་ཀྱིན་ཡོད་པའི་སྣང་བ་སྐྱེས་པ་རེད།  ངས་རང་ཉིད་ཀྱི་དོན་དམ་པའི་སེམས་ཚོར་ལ་བརྩི་མཐོང་མ་བྱས་པ་རེད།  ངས་ཁྱོད་ཀྱི་སེམས་ཚོར་ལ་སྣང་ཆུང་བཏང་བ་རེད།

ཡོད་ཚད་ཉོག་གཏམ་དུ་འགྲོ་བའི་དོ་ནུབ།  ང་གཅིག་པུ་སྒེའུ་ཁུག་གི་འགྲམ་ན་བསྡད་ཡོད།  ཁྱོད་འདི་ལྟར་ང་དང་གཏན་དུ་གྱེས་པར་དང་ལེན་མ་ཐུབ་པར་ལུས་ཡོད། དོན་དངོས་འདི་ཉིད་ལ་འཁང་ར་བྱེད་ཀྱིན་ལུས་ཡོད། སྙིང་ཉེ་མ། དོ་ནུབ་ལྟ་བུའི་ལོ་ཟླ་མང་པོ་ཞིག་ལ་ངས་ཁྱོད་རང་དྲན་ངེས།  དོ་ནུབ་ལྟ་བུའི་མིག་ཆུ་མང་པོ་ཞིག་གཏོང་ངེས། རྒྱུ་མཚན་འདས་ཟིན་པའི་འུ་གཉིས་ཀྱི་གསང་བ་ཡོད་ཚད་ང་གཅིག་པུའི་བྲང་ཁོག་ན་བཅུག་ཡོད།

ངེད་གཉིས་ནང་པ་སངས་རྒྱས་པ་ཞིག་དང་། འཕགས་མཆོག་སྤྱན་རས་གཟིགས་ལ་དད་པ་རྩེ་གཅིག་ཏུ་ཡོད་པའི་མིི་གཉིས་ཡིན་པས། འཇིག་རྟེན་ཕྱི་མར་སླར་ཡང་ངེད་གཉིས་ལ་ལྷན་འཛོམས་ཀྱི་དུས་ཚོད་ཅིག་ཡོང་བར་སྨོན་ལམ་འདེབས་ཀྱིན་ཡོད་ལ། འགྱོད་སེམས་དང་མིག་ཆུ་ཅི་ཡང་མེད་པའི་མཉམ་འཛོམས་ཀྱི་སྐལ་བ་ཞིག་ཐོབ་པར་སྨོན་ལམ་འདེབས་ཀྱིན་ཡོད།  ངས་ནམ་ཡང་ཁྱོད་ཉིད་དྲན་ངེས་ལ། ཁྱོད་ཀྱིས་ཀྱང་འཇིག་རྟེན་ཕྱི་མ་ཞིག་ནས་ང་ལ་ངང་སྒུག་གནང་རོགས།  ངའི་སྙིང་བའི་དགའ་མ་ལགས།

                སྨོན་ཚིག

རྣམ་དཀར་དགེ་བའི་ལས་ཀྱི་བྱིན་མཐུ་ལས།།

ཆོས་ལྡན་དག་པའི་ཞིང་དུ་སྐྱེས་གྱུར་ནས།།

སྐྱབས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་དུ།།

ཚེ་ཡི་སྐལ་བ་ཐོབ་པར་བྱིན་གྱིས་རློབས།།

མཚན་ལྡན་དགེ་བའི་བཤེས་དང་མཇལ་གྱུར་ནས།།

ལུང་རྟོགས་བསྟན་པའི་ཆོས་སྐལ་ཐོབ་པར་ཤོག །

མགོན་པོ་འོད་དཔག་མེད་པས་རྗེས་བཟུང་ནས།།

གཏན་གྱི་གོ་འཕང་རྙེད་པར་བྱིན་གྱིས་རློབས།།

ཤུལ་ལུས་ཞེ་ལ་ཐོགས་པའི་སྤྲང་ཕྲུག་ངས།།

གང་ཉིད་ཕྱི་མར་ཆས་པ་ཐོས་གྱུར་བས།།

ཡིད་ཀྱི་གདུང་བ་བསྲན་པར་དཀའ་མོད་ཀྱང་།།

གང་ཉིད་ཕྱི་མར་མཇལ་བའི་སྨོན་ལམ་འདེབས།།

སྤྱི་ལོ་2018ཟླ་4ཚེས་17དགོང་མོར་བྲིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *