ཁ་བའི་སྲས་ཀྱི་སྙན་ཚོོོམ།

རྩོམ་ཡིག་འདི་ཐེངས་ 364 བཀླགས་འདུག

སྙིང་ཤ་འགུལ་དུས།

སེམས་ན་དྲག་ཏུ་འབར་བ་སྙིང་སྟོབས་ཡིན་ལ
ཁ་ནས་འུར་གྱིས་ཤོར་བ་ཡང་སྙིང་སྟོབས་ཡིན

མི་རིགས་ཀྱི་མགོ་བོ་དུད་པའི་དེ་རིང
ང་ཚོའི་ཚོར་འདུ་གཅིག་ཏུ་བསྡུས་ན
“ཞེ་སྡང་སེམས་ལ་ཡོད་ཀྱང
དགྲ་ལ་དགའ་ཚུལ་སྟོན”་པའི་སྐྱོ་གར་འདི་དག
མི་རབས་ཇི་ཙམ་ལ་འཁྲབ

འཁོན་འཛིན་དང་འཐབ་མོ
རང་ས་བཙན་འོག་བཅུན་པའི་མི་རིགས་ཤིག་གི་བླ་འཁར་ཡིན
“ཞེ་སྡང་སེམས་ལ་ཡོད་ཀྱང
དགྲ་ལ་དགའ་ཚུལ་སྟོན”་པའི་སྐྱོ་གར་འདི་དག
མི་རབས་ཇི་ཙམ་ལ་འཁྲབ

གནའ་བོ་ཕོ་བྲང་དང་རྒྱལ་པོའི་མཁར་གྲོང
མེས་པོའི་སྐད་ངག་དང་ཕ་མའི་དབྱངས་རྟ
ཡིག་དྲུག་ཟློས་བརྗོད་ཀྱི་སྔ་གཞུག་ཏུ་ཅི་འདྲའི་ཡ་ང་བ་ཞིག
“ཞེ་སྡང་སེམས་ལ་ཡོད་ཀྱང
དགྲ་ལ་དགའ་ཚུལ་སྟོན”་པའི་སྐྱོ་གར་འདི་དག
མི་རབས་ཇི་ཙམ་ལ་འཁྲབ

༢༠༡༨/༤/༥

རྒོད་ཅིག་ལ་སྐད་ཆ་བཤད་པ།

རྩོམ་པ་པོ་ཞོགས་ལྗང་ལགས་ལ་བྲིས།
ཁ་བའི་སྲས།

ཕོ་རྒོད་འདི་རི་བོ་ཞིག་ཡིན
རླུང་དམར་གྱིས་སྒུལ་མི་ཐུབ
ཕོ་རྒོད་འདི་གངས་རི་ཞིག་ཡིན
ཐལ་རྡུལ་གྱིས་ནམ་ཡང་རེག་མ་མྱོང
ཕོ་རྒོད་འདི་གངས་སེང་ཞིག་ཡིན།
ཝ་མོའི་གཡོ་སྒྱུ་ལ་སེམས་པ་གཏོད་མ་མྱོང
ཕོ་རྒོད་འདི་མི་རུས་པ་ཅན་ཞིག་ཡིན
རུས་པ་སྨྱུ་གུ་ལ་བརྒྱུས་ནས
མནར་གཅོད་ཀྱི་ངོ་གདོང་མི་ཡུལ་དུ་བཞེངས
གདོང་དམར་ས་ཡ་དྲུག་གི་ཆེད་དུ
འགྱོད་པ་སྐྱེས་མ་མྱོང་བའི་ཕོ་རྒོད་རུས་པ་ཅན
མགོ་ལ་བྱ་འཕུར་མ་མྱོང་བའི་ང་ཡི་མྱི་རྒོད
བཙན་པོའི་ལོ་རྒྱུ་ལ་རྔ་མ་འབྲི་མི་འདོད་པའི་ང་ཡི་མྱི་རྒོད
ལོ་རྒྱུས་ཀྱི་ཚེ་སྲོག་རྡོག་རོལ་གཏོང་མ་ཕོད་པའི་ང་ཡི་མྱི་རྒོད
མྱི་རྒོད ང་ཡི་མྱི་རྒོད བོད་ཀྱི་མྱི་རྒོད

ཁྱེད་ཀྱིས་ངའི་སྙན་ངག་འདི་མ་བཀླག་རོགས
སྒེར་གཅོད་པས་ཁྱེད་རང་བསྐྱར་དུ་བཙན་འཁྲིད་བྱེད་སྲིད
རང་དབང་དང་མི་རིགས་ཀྱི་དོན་དུ་ང་ཚོ་འཆི་བ་མི་སྐྲག་ཀྱང
གཉའ་གནོན་དང་བཙན་དབང་དེ
ཉིན་གཅིག་ཁུར་དགོས་ཀྱང་ལོ་དང་བསྐལ་བ་ལས་རིང

* ཀ་ཁའི་སྙན་ངག་པ།

ཀ་ཁའི་སྙན་ངག་པས་རྟ་བདུན་དབང་པོའི་རྒྱབ་གི་ལྷ་སྒྲུང
ཁར་རྩང་རྨི་ལམ་ནང་གི་བུ་མོ་དེ་དང་འདྲ་བ
སྔས་མགོ་འཇོག་སྟངས་ནོར་པའི་ཉེས་པ་ལ་བསམས་ནས
ཡིད་རྟེན་བཅོལ་མ་མྱོང་ཕྱིར
ཚོར་བའི་རྒྱབ་ཀྱི་གནས་ལུགས་དེ་རྟོགས་བྱུང

ཟླ་བ་ཡར་འཚེར་ཀྱི་སླུ་འབྲིད་དེས
ང་ལ་ཟླ་བའི་གུར་ཆུང་འོག་ཏུ་བུ་མོ་ཞིག་ཁྲིད་བྱུང
ཁོ་མོ་བླ་གོས་ཀྱིས་སྙལ་བའི་བུ་མོ་ཞིག་མ་རེད
སྤྱན་མིག་ཕྲ་ལ་ཞལ་མདངས་དམར་བའི་བྱི་རུ་ཞིག་རེད
ངས་བྱི་རུ་དེ་སྐེ་ལ་བཏགས་ནས་དབྱུག་པ་ཅན་ལ་ངོམ་ཙམ་བྱས་པས
དབྱུག་པ་ཅན་གྱིས་ཁ་བའི་སྲས་ཞེས་འབོད་བྱུང

ཀ་ཁའི་སྙན་ངག་པའི་རང་ཉིད་འབོར་མ་མྱོང་ཕྱིར
དབྱུག་པ་ཅན་མཚར་སྣང་དང་ཕྲག་དོག་བྱེད་སྲིད་མོད
ཀ་ཁའི་སྙན་ངག་པས་དུས་རྟག་ཏུ་རང་ཉིད་ལ་ལམ་བུ་ཞིག་ཡོད་པ་ཤེས
རྒྱ་གར་བའི་བརྩེ་འཕྲིན་དེ
ཚོར་བ་ཉམས་པའི་མི་རྒན་གྱི་སྐད་དེ
ངའི་ཕྱི་ནང་གི་གསང་བ་བཤད་པའི་འཕྲིན་པ་མ་རེད
དབྱངས་ཅན་མ དབྱུག་པ་ཅན རྟ་བདུན་དབང་པོ
ངས་ཁྱེད་གསུམ་ལ་གྱེར་ཕྱག་ཅིག་ཕུལ་བར་འདོད

༢༠༡༨/༣/༢༦ཉིན་བྲིས།    ཁ་བའི་སྲས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *