སྟག་ཚང་རིག་རྒོད་ཀྱི་སྙན་རྩོམ།

རྩོམ་ཡིག་འདི་ཐེངས་ 157 བཀླགས་འདུག

 

~~~~~སྟག་ཚང་རིག་རྒོོད།

སྔོན་ཚེ་གངས་ལྗོངས་བྱ་བའི་སྐྱེད་ཚལ་ན།།
ཡབ་ཡུམ་ཉི་ཟླ་ལྟ་བུའི་སྐུ་གམ་ནས།།
ན་ཚོད་མྱུ་གུ་གསར་པ་བཞད་དུས་ནས།།
བདག་གི་སེམས་པ་ཁ་བའི་ས་གཞིར་འདྲེས།།

བརྒྱད་པ་ཁ་ཆག་ལོ་ཡི་དཔྱིད་དུས་ནས།།
སློབ་དཔོན་རི་རྒྱལ་འདྲ་བའི་སྐུ་གམ་ནས།།
ཀ་ཁའི་དབྱངས་རྟ་གྱེར་བའི་དུས་ཚིགས་ནས།།
བདག་གི་དུང་ཞེན་ཁ་བའི་ཆབ་ལ་འདྲེས།།

བཅུ་གསུམ་ལོ་ལ་ཀ་ཁའི་གར་སྟབས་ལོབས།།
བཅུ་བཞིའི་ལོ་ལ་དམ་པའི་གསུང་རབས་མཇལ།།
འདི་ལྟར་ལོ་ཟླ་མང་པོ་འདས་ཤུལ་ནས།།
བདག་གི་ཁྲག་རྒྱུན་ཁ་བའི་སྲོག་དང་འདྲེས།།

བཅུ་དྲུག་ལོ་ལ་སྔོན་གྱི་སྨོན་ལམ་དང་།།
ཕྲལ་གྱི་རྐྱེན་རྣམས་མ་ཚང་མེད་པ་ཡིས།།
གཞོན་པའི་བློ་ཁ་རྒྱལ་ཁམས་གཞན་དུ་བསྒྱུར།།
སྐྱབས་གྱུར་བླ་མའི་བྱིན་རླབས་ཐོབ་ལ་རེ།།

སྲིད་པའི་ཏོག་གྱུར་སྐྱིད་པའི་གངས་ལྷོངས་དང་།།
བྱམས་པའི་གཙུག་གྱུར་དྲིན་ཆེན་གཉེན་ཉེའི་ཚོགས།།
ཆུང་ནས་འདྲིས་པའི་རྟ་ནོར་ལུག་གསུམ་སོགས།།
གཅེས་ཤིང་དུང་ནའི་ཚོགས་རྣམས་ཤུལ་དུ་བསྐྱུར།།

རབ་སྟུག་མཆེ་བ་ཅན་གྱི་ནགས་ཀླུང་དང་།།
མུ་མེད་བྱེ་མ་ཅན་གྱི་མྱ་ངམ་ཐང་།།
འཆི་བ་དོགས་མེད་གཡང་ས་འཇིགས་རུང་སོགས།།
ངལ་བས་བརྒལ་སྟེ་འཕགས་པའི་ཡུལ་དུ་བརྟོལ།།

ཚེ་རབས་གཏན་གྱི་སྐྱབས་གྱུར་བླ་མ་མཇལ།།
དད་པའི་མཆི་མས་བྲང་གཞུང་རྒྱ་མཚོར་བསྒྱུར།།
དད་པའི་སྟོབས་ལས་དད་པའི་བ་སྤུ་ལངས།།
གང་གི་གཟི་བྱིན་མ་བཟོད་ལུས་ཕུང་འདར།།

གང་གི་ཞལ་གྱི་དཀྱིལ་འཁོར་མཇལ་ཙམ་གྱིས།།
ངག་ནས་ངུ་མ་དགོད་ཀྱི་མདངས་ཤིག་ཐལ།།
དད་ཅིང་གདུང་བའི་ཤུགས་ཀྱིས་སྙིང་ཁ་སིགས།།
འདི་ནི་ཚེ་རབས་དུ་མར་སྨོན་པའི་འབྲས།།

བདག་ཅག་གངས་ཅན་པ་ཡི་སྐྱབས་གཅིག་པུ།།
བཞིན་རས་བྱམས་བརྩེའི་འོད་དང་ལྡན་གྱུར་ནས།།
མ་འོངས་གངས་ལྗོངས་སླད་དུ་འབད་དགོས་ཞེས།།
གསུང་གི་བྱིན་རླབས་བདག་སོགས་རྣམས་ལ་བསྩལ།།

བཅུ་བདུན་ལོ་ནས་གཞན་ཡུལ་ནགས་ཀླུང་འདིར།།
དགེ་བའི་བཤེས་གཉེན་མང་དུ་བསྟེན་གྱུར་ནས།།
དཀའ་བ་ཁྱད་དུ་གསོད་པའི་འདུན་པ་སྐྱེས།།
ཁ་བའི་རིག་པར་འབད་པའི་གོམ་སྟབས་བསྒྱུར།།

འཕགས་ཡུལ་ཚད་པ་ཅན་རྒྱལ་ཁམས་ནས།།
འཁྱགས་དང་ལྟོགས་ཀྱི་དཀའ་བ་དང་དུ་བླངས།།
འཚོ་བ་ངན་ངོན་ཙམ་ལ་བསྟེན་གྱུར་ནས།།
དམ་པའི་གསུང་རབས་བརྒྱ་ནས་སྟོང་ལ་མཇལ།།

ཆོས་ཀྱི་ཞིང་དང་ཤེས་རིག་གཏེར་གྱུར་བའི།།
སློབ་གླིང་མང་པོར་བཅུ་ཕྲག་ལོ་ལ་གཏུགས།།
གཞན་ངོ་དཀར་ནང་མང་པོར་འཛུམ་བསྟན་ནས།།
ཕུགས་ཀྱི་འདུན་པ་དཀར་པོ་སྐྱོང་ལ་འབད།།

མཛེས་པའི་ཕ་ས་ཕ་ཡུལ་དྲན་མོད་ཀྱང་།།
བྱམས་པའི་དྲིན་ཆེན་མ་ལོ་མཇལ་འདོད་ཀྱང་།།
རྒྱལ་ཁམས་འགྲིམས་པའི་ཕུགས་འདུན་མ་བརྗེད་པར།།
རིམ་བཞིན་དགེ་བའི་བཤེས་དང་གསུང་རབས་མཇལ།།

རྒྱལ་ཁམས་ཉུལ་ཚེ་མིག་ཆུ་མང་མོད་ཀྱང་།།
རྒྱལ་ཁམས་ཉུལ་ཚེ་མཐོང་ཆུང་མང་མོད་ཀྱང་།།
རྒྱལ་ཁམས་ཉུལ་ཚེ་དཀའ་ཁག་ཆེ་མོད་ཀྱང་།།
བཅུ་དྲུག་ལོ་ནས་རྒྱལ་ཁམས་འབད་ཉུལ་ལ་རེམ།།

འདི་ལྟར་བཅུ་གསུམ་ལོ་ལ་འདས་གྱུར་ཀྱང་།།
ད་དུང་རྒྱལ་ཁམས་འགྲིམས་པ་ལས་སྐལ་ཉིད།།
དྲིན་ཆེན་བླ་མའི་དྲུང་ནས་དམ་ཆོས་ཉན།།
ཁ་བའི་རིག་པ་སྐྱོང་ལ་ཚེ་སྲོག་འབུལ།།

འདི་ནི་རྒྱལ་ཁམས་འགྲིམ་པའི་སྤྲང་ཕྲུག་གི།།
འདས་དང་ད་ལྟའི་བགྲོད་སྟངས་ཉུང་ཉུང་ཙམ།།
ཕུགས་ཀྱི་འདུན་པར་དཀར་པོ་དཀར་རྐྱང་ཞིག །
ཁ་བའི་སླད་དུ་བཞེངས་པ་རང་གི་གཤིས།།

མདོར་ན་འདི་ལྟར་འཚོ་བ་བླ་མའི་དྲིན།།
འདི་ལྟར་རྟོགས་པ་སད་པ་བླ་མའི་དྲིན།།
འདི་ལྟར་ད་དུང་མ་ཤི་བླ་མའི་དྲིན།།
དྲིན་ཆེན་བླ་མའི་སྐུ་ཚེ་བརྟན་པར་སྨོན།།

སྤྱི་ལོ་༢༠༡༨ཟླ་༤ཚེས་༡༥ཉིན་མ་ཡུམ་ས་རཱ་མཐོ་སློབ་ནས་བྲིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *