བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྐོར།

རྩོམ་ཡིག་འདི་ཐེངས་ 34 བཀླགས་འདུག

 སང་ཉིན་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་ཉིད་དངོས་སུ་འཚོག་རྒྱུ་རེད། ཐེངས་འདིའི་ཚོགས་འདུའི་ཐོག་ས་གནས་ཁག་མང་པོ་ནས་སློབ་ཆེན་སློབ་མ་མང་པོ་འདུ་འཛོམས་ཐོག་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཤེས་ཡོན་དང་འགན་འཁྲི་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཉིན་ལྔ་ཙམ་བྱ་རྒྱུ་རེད། དེ་དང་འབྲེལ་བའི་གསར་འགྱུར་མདོར་བསྡུས་ཤིག་གཤམ་དུ་ཕུལ་ཡོད།

<དང་པོ། ཚོགས་ཆེན་གྱི་བྱུང་བ་དང་གྲུབ་ཆའི་སྐོར།>
བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ནི་ཐོག་མར་སྤྱི་ལོ་ ༢༠༠༦ ལོར་རྒྱ་གར་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་ཁག་ཅིག་གིས་མ་གྲོས་བསམ་པ་གཅིག་མཐུན་ཐོག་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ད་བར་ས་རཱ་མཐོ་སློབ་དང་ཏཱ་ལའི་བླ་མ་མཐོ་སློབ་སོགས་ས་གནས་ཁག་འདྲ་མིན་ལ་ཚོགས་ཆེན་ཐེངས་བཅུ་གཅིག་ཙམ་འཚོགས་ཟིན་ལ། ད་ལྟའི་ཆར་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་བཞིན་ཚོགས་སྡེ་གསུམ་གྱི་ཐོག་ནས་གྲུབ་པའི་ཚོགས་ཆེན་ཞིག་ཡིན།
དང་པོ། ཞིབ་འཇུག་ཚོགས་ཆུང་།
ཞིབ་འཇུག་ཚོགས་ཆུང་ནི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དགུ་པའི་སྐབས་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ཚོགས་པ་འདིས་ཚོགས་ཆེན་སྐབས་བཞག་པའི་གྲོས་ཆོད་རྣམས་གོང་རིམ་གཞུང་དང་། གཞུང་འབྲེལ་མིན་པའི་ལྷན་ཁང་། ཚོགས་སྡེ་ཁག་ལ་དབུལ་རྒྱུ་དང་། ཚོགས་ཆེན་རིམ་པའི་གྲོས་ཆོད་ཀྱིས་གཙོས་ཚོགས་ཆེན་ཚོགས་ཚུལ་སོགས་ལ་ཞིབ་འཇུག་སོགས་གནང་གི་ཡོད།
གཉིས་པ། གོ་སྒྲིག་ཚོགས་ཆུང་།
གོ་སྒྲིག་ཚོགས་ཆུང་གིས་ལོ་ལྟར་དཔལ་འབྱོར་མཁོ་སྒྲུབ་དང་། ཚོགས་ཆེན་གྱི་བརྗོད་གཞི་གཏན་འབེབས། ཚོགས་ཆེན་དང་འབྲེལ་བའི་སྔ་ཕྱི་བར་གསུམ་གྱི་གྲ་སྒྲིག་བཅས་གནང་གི་ཡོད།
གསུམ་པ། སྤྱི་ཁྱབ་འབྲེལ་མཐུད་པ།
སྤྱི་ཁྱབ་འབྲེལ་མཐུད་པས་ཞིབ་འཇུག་ཚོགས་ཆུང་དང་གོ་སྒྲིག་ཚོགས་ཆུང་གི་བར་གནས་ལྟ་བུར་བྱེད་པ་དང་། ལས་འགན་གཙོ་བོ་མཐོ་སློབ་ཁག་ལ་འབྲེལ་བ་གནང་རྒྱུ་དང་། ཚོགས་ཆེན་སྐབས་ཚོགས་པ་སྟངས་འཛིན་གནང་རྒྱུ་སོགས་ཡིན།
མདོར་ན་ཚོགས་སྡེ་ཆེན་མོ་གསུམ་ལས་གྲུབ་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ཉིད་ལ་འབོད་སྒྲ་གཉིས་ཡོད་པ་ནི།
”  རང་ངོ་རང་ཤེས་དང་། རང་འགན་རང་འཁུར།”
ཞེས་པ་དེ་ཡིན། ཚོགས་པ་འདི་ནི་ཆོལ་ཁ་དང་ཚོགས་སྡེ་ཁག་གི་གཞན་དབང་དུ་མ་གྱུར་པའི་རང་དབང་ལྡན་པའི་སློབ་མའི་ཚོགས་ཆེན་ཞིག་ཡིན་ལ། ད་བར་མཐོ་རིམ་སློབ་མ་རྣམས་ཀྱི་འབྲེལ་ལམ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་བབ། ཤེས་ཡོན་གྱི་གནས་བབ། སྒྲིག་འཛུགས་ཀྱི་གནས་བབ་སོགས་གལ་གནད་ཆེ་བའི་གནད་དོན་མང་པོའི་ཐོག་བགྲོ་གླེང་དང་གྲོས་ཆོད་བཞག་ནས་ཚོགས་སྡེ་ཁག་ལ་ཕུལ་དང་འབུལ་མུས་མ་ཟད། ཚོགས་ཆེན་འདི་ནི་མཐོ་རིམ་སློབ་མ་རྣམས་ཀྱི་བདེ་སྡུག་དང་མ་འོངས་མདུན་ལམ་སོགས་ཀྱི་ཐོག་བགྲོ་གླེང་བྱ་སའི་གླེང་སྟེགས་ཆེ་ཤོས་ཤིག་ཡིན།
                       <གཉིས་པ།  ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྐོར།>
ཚོགས་ཆེན་ཐེངས་བཅུ་གཉིས་པའི་གོ་སྒྲིག་པ་ཝཱ་ཎ་དབུས་བོད་ཀྱི་གཙུག་སློབ་གཉེར་ཁང་གི་སློབ་མ་རྣམས་འཁེལ་ཡོད་པས། སྤྱི་ལོ་ ༢༠༡༨ ཟླ་བ ༣ ཚེས་ ༤ ནས་ ༨ བར་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཚོགས་གཏན་འཁེལ་ཡོད་ལ། ཚོགས་ཆེན་འདིར་ས་གནས་ཁག་ ༣༠ ཙམ་ནས་ཚོགས་བཅར་བ་ ༨༠ ཙམ་མཉམ་ཞུགས་བྱ་རྒྱུ་ཡིན་ཅིང་། ད་ལན་གཙོ་བོར་བརྗོད་གཞི་༡༤ ཡི་ཐོག་ལ་བགློ་གླེང་བྱ་རྒྱུ་དང་གྲོས་ཆོད་གཞག་རྒྱུ་བཅས་ལགས། བརྗོད་གཞི་༡༤ རྣམས་གཙོ་བོར་ཤེས་ཡོན་དང་། རྩ་དོན། འགན་འཁྲི་བཅས་ཀྱི་ནང་འདུས།
                               བརྗོད་གཞི་རྣམས་གཤམ་གསལ།
༡ ༽ མཐོ་རིམ་སློབ་མའི་ཁྲོད་ནས་ཤེས་འཇོན་གཉིས་ལྡན་གྱི་སློབ་མ་ཐོན་མཁན་ཉུང་བའི་རྒྱུ་རྐྱེན།
༢༽  མི་མང་གི་རྣམ་དཔྱོད་དང་སྤྱི་སེམས་ནི་ཆིག་སྒྲིལ་གྱི་རྩ་བ་ཡིན།
༣༽  གནའ་དེང་གི་ཉམས་ཞིབ་ཐབས་ལམ་གྱི་མཚུངས་བསྡུར།
༤༽  དེང་དུས་བོད་ཀྱི་བུད་མེད་ཀྱི་ཤེས་ཡོན་གྱི་གནས་སྟངས་དང་འགན་འཁྲི།
༥ ༽ ལྔ་དང་ལྔ་བཅུའི་འཆར་སྣང་གི་སྐོར།
༦༽  ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ལྟ་བའི་བྱུང་རིམ་དང་དགེ་མཚན།
༧༽  ཆོལ་ཁའི་སྤྱི་འཐུས་ལས་ས་གནས་སྤྱི་འཐུས་འདེམས་ན་དགེ་མཚན་ཆེ་མིན་གླེང་བ།
༨༽  རིག་གནས་ནང་འདྲེན་གྱི་གལ་གནད་དང་ལོ་ཙཱ་བ་གསོ་སྐྱོང་བྱེད་ཐབས།
༩༽  རྒྱ་གར་སྤྱི་ཚོགས་ཁྲོད་བོད་དོན་གོ་རྟོགས་སྤེལ་ཐབས།
༡༠༽  གཞིས་ཆགས་ཁག་གི་གནས་སྟངས་དང་བོད་ཀྱི་རྩ་དོན་བར་གྱི་འབྲེལ་བ།
༡༡༽  བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་དང་མ་འོངས་པའི་རྩ་དོན་བར་གྱི་འབྲེལ་བ།
༡༢ ༽ བོད་མི་ཕོན་ཆེ་ནུབ་ཕྱོགས་རྒྱལ་ཁབ་ཏུ་འགྲོ་བ་དེས་མ་འོངས་བོད་མིའི་སྒྲིག་འཛུགས་ཀྱི་སྲ་བརྟན་ལ་ཉེན་ཚབས་འབྱུང་མིན་གྱི་སྐོར།
༡༣༽  མཐོ་རིམ་སློབ་མས་བོད་མིའི་རྩ་དོན་དང་སྤྱི་ཚོགས་ཞབས་འདེགས་སྒྲུབ་ཐབས།
༡༤༽ མ་འོངས་པར་མཐོ་རིམ་སློབ་མའི་ཚོགས་ཆེན་ཚོགས་སྟངས་ལ་འགྱུར་བ་གང་སྟངས་དགོས་མིན་གྱི་སྐོར། བཅས་ངོ་སྤྲོད་སྙིང་བསྡུས་སུ།
 སྐབས་བཅུ་གཉིས་པའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་ནས་སྤྱི་ལོ་ ༢༠༡༨ ཟླ་བ་ ༢ ཚེས་ ༢༤  ཉིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *