ཝཱ་ཎ་མཐོ་སློབ་ཀྱི་སྙན་ངག་ཆེད་བཀོད།

རྩོམ་ཡིག་འདི་ཐེངས་ 677 བཀླགས་འདུག

༈ང་རང་ལྟ་བུའི་ཉིན་ཞིག

                  ལྡོམ་བུ།

ཁྱེད་རང་རྨི་ལམ་དུ་མཇལ་རྗེས།  རླུང་བུ་ཞིག

ཁྱེད་དྲན་བཞིན་པའི་ངའི་སེམས་པ་ལྟར། འཁྱག་ཤུར་ཤུར་ལྡང་བྱུང་།

གནམ་རྒན་མོས་ཀྱང་། བརྩེ་བའི་གཟེབ་ཏུ་ཚུད་པའི་ཁོ་བོ་ལྟར།

གདོང་གནག་ཐུབ་ཚོད་ཅིག་གནག་རྗེས།

མིག་ཆུ་ལྟ་བུའི་ཆར་ཐིགས་འགའ་གཏོར་མོད།

ལོ་ཉེས་བྱུང་ཟིན་པའི་ཞིང་པ་ཚོར། ཆར་ཐིགས་འགའ་དེས་ཅི་ཞིག་བྱ་ཨང་།

 

ཁྱེད་དང་ཞིང་པ་ཚོ་མི་མཚུངས་ནའང་།

ངའི་མིག་ཆུ་ཁྱེད་ལ་ཕན་ཐོགས་མེད་པ་ཇི་བཞིན།

ཉི་མ་སེར་པོ་དེས། ཁྱེད་བསྐྱུར་མི་ཐུབ་པའི་ངའི་སེམས་པ་ལྟར།

གོམ་པ་དལ་བར་དལ་བུར་སྤོས་ནས། གནམ་ས་འདྲེས་མཚམས་སུ་སླེབས་འདུག་མོད།

དེ་ནས་ཕར་བཞུད་མི་འདོད་པར། ངའི་སེམས་ཀྱི་ཆག་གྲུམ་བཞིན།

ཆ་ཤས་ཡོངས་རྫོགས་ས་རུ་ཟགས་ཀྱིན་འདུག

མཐའ་མར་སེར་ཐིག་ཅིག་ལས་ཅི་ཡང་མཐོང་དུ་དབེན།

 

ང་རང་ལྟ་བུའི་ཉིན་མོ་འདིར།

ང་ཕྱི་བ་ཞིག་ལྟར་སྤྱིལ་བུ་ཆུང་ཆུང་འདི་རུ་འཛུལ་ནས།

ཁྱེད་ཀྱི་སྐྲ་ལོ་ལྟ་བུའི་མུན་པ་དེས་སེམས་ཀྱི་རི་མོ་ཡོད་ཚད་གསུབ་པར་སྒུག་ཡོད།

༢༠༡༢-༦ -༡༥ཉིན་གྲུབ།

༈རེ་འདོད་ཀྱི་ས་སྲོད།

              བསྟན་འཛིན་ཕན་ཐོགས་ཀྱིས་བརྩམས། རྫ་མེ་སྟག་གིས་བོད་བསྒྱུར་བྱས།

ང་ལ་རེ་འདོད་ཀྱི་ས་སྲོད་ཅིག་ཡོད་མྱོང་།

རེ་འདོད་དེ་ནམ་ཡང་རྫོགས་མཐའ་དབེན།

ང་གཉིས་ཆ་ལ་དུས་ཚོད་ཡོད་ཚད་རོལ་ཕྱིར།

རེ་འདོད་ཀྱི་ས་སྲོད་དེ་ཡུན་དུ་གནས་པར་སྨོན།

 

ང་ལ་རེ་འདོད་ཀྱི་ས་སྲོད་ཅིག་ཡོད་མྱོང་སྟེ།

ས་སྲོད་དེར། ངའི་འཆར་སྣང་གིས།

འཛམ་གླིང་མཐའ་མཚམས་ལས་བརྒལ་བའི། དོན་ལྡན་གྱི་ས་སྲོད་ཅིག་སྐྲུན།

ང་ལ་རེ་འདོད་ཀྱི་ས་སྲོད་ཅིག་ཡོད།

སླར་ཡང་རེ་འདོད་ཀྱི་ས་སྲོད་དེ་ཡུན་དུ་གནས་ན་སེམས།

ང་གཉིས་ལག་ཟུང་སྦྲེལ་ནས།

ལམ་ཟུར་གྱི་གློག་སྒྲོན་རྒྱུད་ནས་གོམས་ཁ་བསྒྱུར་ཏེ།

གུ་ཡངས་ཀྱི་བསམ་གཞིགས་བྱེད་བཞིན། གློག་སྒྲོན་ལས་རྒྱང་དུ་སྐྱོད།

 

དེ་དུས། ཟླ་འོད་ཀྱིས་འུ་གཉིས་ཀྱི་འགྲོ་ལམ་གསལ།

ང་ཁྱོད་ཀྱི་གམ་དུ་ལྗང་མདོག་གི་སྤང་དུ་བསྡད་ཅིང་།

རྫོགས་མཐའ་མེད་པའི་སྐར་ཚོགས་ལ་ཅེར་ནས།

མི་ཚེ་ལྷན་དུ་བྱུང་བའི་སྨོན་ལམ་འདེབས།

 

ཨ་ལ་ལ། ངས་སྨོན་ལམ་ཇི་ལྟར་འདེབས་པ་བཞིན།

དངོས་སུ་ངའི་འཆར་སྣང་དེ་འགྲུབ་པར་ཤོག

ཡོད་པ་དག་རྙོག་དྲ་དབེན་པར་ཤོག

བདག་གི་རེ་འདོད་ཀྱི་ས་སྲོད་དེ་དངོས་སུ་བྱུང་བར་ཤོག

བདག་གི་རེ་འདོད་ཀྱི་མི། ཁྱོད་དངོས་སུ་འཆར་བར་ཤོག

༢༠༡༦-༡༠-༢༢ མེ་འཁོར་ནང་དུ་འགྲུལ་བཞུད་སྐབས།

 

༈ཟླ་བ་དང་མཚན་ལྗོངས་ཁེར་ཧྲེང་དུ་བཀླགས་པ།

                                རྨ་དུང་ཟླ།

ནང་སེམས་ཀྱི་མེ་ལོང་རབ་རིབ་ཏུ་གྱུར།

མཛེས་སྡུག་གི་རོལ་མོ་ཁྲ་ཁྲ། སྣང་གནས་ཀྱི་སྒྱུ་མའི་ཆོ་འཕྲུལ།

ཞོ་ལྟར་ཆགས་པའི་ཕྱི་རོལ་གྱི་འཛུམ་མདངས་ལས།

ཆག་གྲུམ་དུ་ཤོར་བའི་ནང་སེམས་ཀྱི་ངོ་གདོང་ཇི་ལྟར་རྟོགས།

གཏམ་རྒྱུད་གཅིག་རེད་བཅས་བཤད་མྱོང་མོད།

ད་ལྟ་དངོས་སུ་འདས་དོན་ཞིག་ཏུ་གྱུར།

རྨི་ལམ་གྱི་ལྟག་རྒྱབ་ཏུ་ལྷུང་བའི་རེ་བ་རྡོག་གཅིག་པོ་དེའང་།

ད་ཆ་ཟླ་ངོགས་ཀྱི་སྐྱོ་གདུང་དང་འགྲོགས་ཏེ། མཆི་མའི་ཆར་དུ་ཉིལ།

 

སྐད་ཅིག་གི་སྲད་བུར་རྒྱུ་བའི་ལས་དབང་གི་བང་ཁ་ན།

རྟག་བརྟན་གྱི་འཛུམ་མདངས་ཤིག་ཡོད་མི་སྲིད་པ་བཞིན།

ཆོས་ཉིད་ཀྱི་འཕོ་འགྱུར་བར་ན།

ང་ཚོར་རང་ཉིད་ལ་དབང་བའི་རང་དབང་གི་གནས་མལ་ཞིག་ག་ལ་ཡོད།

 

ཟླ་བ་ནི་ཁོང་གི་ཁེར་ཧྲིང་གི་མིག་ཆུ་ཡིན་ནའང་།

ང་ཚོས་སྔར་བཞིན་ཁོང་ལ་སྐྱབས་གནས་དམ་པ་ཞེས་བོས་མཚམས་མ་བཞག

མཁུར་མགོ་ནས་ལྷུང་བའི་མཆི་མ་རྡོག་པོ་དེ།

ཁྱོད་ཀྱིས་བདག་གི་ཕོ་ཉམས་ལ་ལས་བདའ་བྱེད་སྤྱད་མ་བྱེད་རོགས།

ཚོར་བ་ཀློང་དུ་འཕྱུར་དུས་ཀྱི་སེམས་པ་དེར། ང་རང་ཧ་ཅང་མགུ།

༢༠༡༧-༠༡-༡༦ ཕྱི་དྲོར།

༈སྡིག་སྒྲིབ་ཁུར་བའི་ལོ་ནག

                           རྫ་མེ་སྟག

སྡིག་སྒྲིབ་མང་པོ་ཁུར་ནས་ཡོང་བའི་ལོ་ནག་འདི་དག

འབྲི་མར་དབེན་པའི་རྩམ་སྐྱ་བཞིན་རིམ་གྱིས་འཐོར་ཏེ།

ཚད་ཐིགས་འཁྱོག་པའི་བྲིས་སྐུ་ལྟར་ལྷོད་ཀྱིས་ཟད།

དེ་དུས་རྨོངས་ཐོམས་ཀྱི་རི་ཁྲོད་པ་དེའི་སྐུ་བསོད་གང་ན་ཡོད།

 

སྨུག་པ་ལོང་ལོང་འཐིབས་མྱོང་བའི་ལོ་ནག་འདི་དག

ཆུ་ཚོད་དང་སྐར་ཆ་རེ་རེ་བཞུད་འགྲོ་དུས།

རི་རྩེའི་དར་ལྕེ་དང་ཆ་ལ་ཟད་པའི་རྒྱང་རིང་མི་ཁྱོད་ཚོ།

རླུང་བུའི་ཁ་ཕྱོགས་ལ་རེ་ལྟོས་བྱས་པ་ཁག་ཅི།

 

རྐང་ལྷམ་ཁྲ་ཁྲ་གྱོན་མཁན་གྱི་སྲང་མདོའི་ཨ་ཅག

ངུར་སྨྲིག་སུམ་བརྩེཊ་བཀླུབས་པའི་ལམ་ཟུར་གྱི་རབ་བྱུང་།

དངུལ་ལོའི་སྲབ་མཐུག་འགྲན་པའི་གནའ་རབས་ཀྱི་ཚོང་ཤག

ད་དུང་ལྷོད་གཡེང་ངང་འགྲམ་པ་སྐྱོར་ནས་བསྡད།

 

ལོ་ནག་འདི་དག རི་སྒང་ན་བུ་ཡུག་བརྒྱབ་ཏེ།

རྩ་ཐང་ལ་ཐལ་འཚུབ་བསླངས་དུས།

ངས་རེ་སྙེག་གི་སེམས་པ་ལྗོན་རྩེར་འཁེན་ནས།

བྱིའུ་ཚང་འགའ་རེར་བྱམས་ཀྱིས་སྐྱོང་འདོད།

 

ཚིག་ཇ་ཀ་ཡོལ་གང་ཟུར་དུ་བཞག་ནས།

གྲོགས་པོ་དག་དང་ལྷན་དུ་གསང་གཏམ་འགའ་མོལ་རྗེས།

ལོ་ནག་མ་འདི་ཚོའི་སྡིག་སྒྲིབ་ཁྱོན་ནས་དག་མི་འདུག

 

ལོ་ནག་འདི་དག་གི་ནང་། ཧི་མ་ལ་ཡའི་ཕར་ཚུལ་ནས།

ལག་པ་དང་ལག་པ་སྦྲེལ་ཏེ། སེམས་པ་དང་སེམས་པ་གཤིབ་ནས།

ལས་ངན་གྱི་སྡིག་སྒྲིབ་མང་པོ་ཞིག་དག་པར་སྨོན་ནས་ཡོད།

 

གངས་ཀྱི་གཡུ་རལ་ད་དུང་ཆག་མེད་པས།

གོམ་པ་དཀར་པོ་དང་གླུ་དབྱངས་སྙན་མོ་ཞིག་བསྐྱར་དུ་ལེན་ངེས།

ད་ལོ། ལོ་ནག་མ། རྨི་ལམ་གྱི་ཆུ་རྒྱུན་རིང་མོ།

དྲན་གདུང་གྱི་ངུ་ངག་ཆ་ལ་བཞུད་ཅིག

༢༠༡༧-༡༢-༣༡ མཚན་མོར།

༈ཞི་རྒོལ་གྱི་མེ་ལྕེ།

                            ཉི་གཞོན།

མི་ལོ་དྲུག་ཅུའི་ཡར་སྔོན་ཞིག་ལ། ལས་དབང་གི་རླུང་བུའི་ལྡང་ཕྱོགས་ཏེ། ཧི་མ་ལ་ཡའི་རི་ཟུར་ཞིག་ནས། དལ་ལྷོད་ཀྱིས་ཁ་བར་ཕྱོགས་དུས། གྲང་ངར་ཁོག་ཏུ་སྦས་ཤིང་། དྲོད་རླབས་ཀྱི་རྫུ་འབག་ཅིག་གྱོན་ཏེ། དཔྲལ་བའི་གཉེར་རིས་བསྡུས་ཤིང་། རབ་རིབ་ཀྱི་མིག་མདའ་ཞིག་འཕེན་བཞིན། ལུས་ཟུངས་ཡོངས་སུ་ཟད་དེ་ཤི་མ་ཁད་ཀྱི་ངང་ཚུལ་བཟུང་སྟེ། ཁྱར་ཁྱོར་གྱི་གོམ་སྟབས་དང་གསོན་རེའི་ལག་རྡང་ངེད་ཚོའི་གཞིས་གྲོང་དུ་བསྲིངས་བྱུང་།།

ཨ་མའི་བྲང་གཞུང་ན། བྱམས་བརྩེའི་དྲོད་རླབས་ཀྱིས་ཟིན་པའི་གདོང་དམར་གྱི་ང་ཚོས། དབོན་ཞང་གི་མཛའ་བརྩེ་དྲོན་མོའི་རྨོངས་ཞྭ་ལྗིད་པོ་ཞིག་བསྣབས་ཏེ། རེ་བའི་ཕུགས་བསམ་གྱིས་བརྟས་པའི་འཆར་ཡན་གྱི་བསམ་བློ་ཁོ་ན་དང་། ཕུ་ནུ་མིང་སྲིང་གི་འདུ་ཤེས་ཤིག་བཟུང་སྟེ། སོ་ཕྲེང་དང་མཆུ་སྒྲོས་ཀྱི་འཛུམ་མདངས་དང་། གཡས་འཁྱིལ་འདྲེན་བྱེད་ཀྱི་བརྩེ་མདངས། སྙན་འཇེབས་ངག་རིག་ཀྱི་དབྱངས་རྟ་དང་། ལུས་པོ་ལྗོན་པ་ལྟར་འགུག་པའི་ངང་ཚུལ་ཞིག་འཛིན་བཞིན། ཁོང་ཚོའི་གདོང་སྣ་སྟེ། ཡོངས་སུ་དགའ་བསུ་དང་ཡིད་ཆེས། རེ་བའི་ཕོ་ཉ་ཁོ་ནས་བསུས་པ་ནི། ངོ་མ་རླབས་ཆེན་གྱི་མི་རིགས་ཤིག་རེད་ཡ།།

འོད་ཆེམ་ཆེམ་གྱི་ཉིན་མོ་དེར། ཞེ་འཁྲེང་བའི་ཞོགས་པ་སྟེ། མཛེས་པ་རྣམ་པར་བཀྲ་བའི་ཉིན་མོ་དེར། གནམ་སྔོན་པོ་དང་ས་དོག་མོར་ཟུངས་ཁྲག་གི་དྲི་ངན་འཐུལ་བའི་ཉིན་མོ་དེར། ལྷག་པ་ཚ་བོའི་བསླུ་བྲིད་དང་གཉའ་གནོན། བཙན་ཤེད་དང་རྒོལ་རྡུང་ལ་མ་བཟོད་པའི་བོད་འབངས་ཀྱི་ཞི་རྒོལ་དེས། གནམ་རྒན་མར་ན་ཟུག་གི་ཆོ་ངེ་འདོན་དུ་བཅུག་ཡོད་ལ། ལྷོག་ལྷོག་ཏུ་འབར་གྱིན་པའི་རྣམ་ཤེས་ཀྱི་ཚོགས་དཔུང་དག་གིས། ཉི་ཟླའི་འཆར་ནུབ་ཡོངས་སུ་མགོ་ལྡོག་ཏུ་བཅུག་སོང་།

ཉིན་མོ་དེར། ཚེ་སྲོག་ཅིག གངས་རིའི་ཚེ་སྲོག་ཅིག གངས་དཀར་གྱི་བསིལ་ཆབ་ལས་མཆེད་པའི་དྭངས་གཙང་གི་རྣམ་ཤེས་གསོན་པོ་ཞིག ལྷད་མེད་རང་མདངས་ཁྲོད་དུ་མེས་པོའི་དཔའ་ངར་གྱི་མཛད་རྗེས་དང་། གདོང་དམར་བོའི་བླ་སྲོག་གི་རུ་དར་དགུང་དུ་འདེགས་ཕྱིར། སྐྱོ་ལྷང་ལྷང་གི་གདུང་བ་འབོད་ཚིག་ཏུ་སྒྲོག་གིན། ལ་རྒྱ་དང་ཆོད་སེམས། སྙིང་སྟོབས་དང་དཔའ་ངར། གསོན་ཤུགས་དང་རེ་འབོད་ཀྱི་མེ་ལྕེ་དྲག་ཏུ་འབར་ཀྱིན། བདེན་པའི་མངོན་འདོད་གསོན་པོར་ཆེས་མཐའ་མའི་རེ་འདང་ཞིག་བསྲིངས་ཞོར། ང་ཚོ་དང་ཆེས་མཐའ་མའི་གྱེས་ཕྱག་དེ་ཕུལ་སོང་།

ཀྱེ་མ། ཞི་རྒོལ་གྱི་མེ་ལྕེ་མཁའ་དབྱིངས་ན་རེ་བས་འབར་སོང་། ཚེ་སྲོག་གི་རྨུ་ཐག་མཁའ་མཐའ་ན་གཅིག་རྗེས་སུས་བདས་སོང་། ད་ནི། ཁྱོན་ཡངས་པའི་གནམ་སའི་མཚམས་ན་མིག་ཟུང་ཞིག་ཡོད་ཚེ། ལྷོག་ལྷོག་ཏུ་འབར་བའི་ཞི་རྒོལ་གྱི་མེ་ལྕེའི་རང་མདངས་གསོན་པོ་དེ་མཐོང་ཡོད་ཚོད་ཡིན། མཐའ་ཡས་པའི་སེམས་ལྡན་གྱི་མི་བུར་ཐོས་འཛིན་ཞིག་ཡོད་ཚེ། ངུ་ངག་དང་ཁ་འཆེམ་ལས་མཆེད་པའི་བདེན་གཏམ་གྱི་གསང་བ་དེ་གོ་ཚོད་རེད་ཡ ད་ནི། ཁ་ཡོད་ཚད་ཀྱིས་རང་དབང་དང་ཞི་བདེ་རྩོད་རན་ལ། དྲང་བདེན་དང་འདྲ་མཉམ་ལ་ཆེ་མཐོང་འཛིན་རན་རེད། སེམས་ཡོད་ཚད་ཀྱིས་སྙིང་རྗེ་དང་བྱམས་པ་སྒོམ་རན་ཚོད་རེད་ལ། གདུང་སེམས་ཀྱིས་མཆོད་མེ་སྒྲོན་རན་རེད།

ད་ནི། ལག་པ་ཡོད་ཚད་ཀྱིས་ཞི་རྒོལ་གྱི་འོད་རླབས་འབར་བའི་སྨྱུག་རྩེ་བཙུགས་རན་ལ། སྙིང་སྟོབས་དང་ཆིག་སྒྲིལ་གྱི་ཁུ་ཚུར་མཁའ་དབྱིངས་སུ་འཕྱར་དགོས་ཚོད་རེད།།

ཨ་ཧ། ཁྱེད་ཀྱི་གདུང་བ་དང་། ང་ཡི་མངོན་འདོད། ཁྱེད་དང་ང་ཡི་དམིགས་དོན་རྡོག་རྡོག་པོ་དེ་སླད་དུ། སྐྱོ་ངལ་གྱི་འབོད་སྒྲ་མཁའ་དབྱིངས་སུ་སྒྲོག་གིན། རེ་བའི་མིག་ཞགས་མ་ཡུམ་ས་སྒང་ལ་ཅེར། ཁྱེད་ཀྱང་ས་ཡ་དྲུག་གི་བདེན་དོན་འཁུར་ཏེ། བཞུད་ཟིན་པའི་ཚེ་སྲོག་གི་རྨུ་ཐག་ལ་ཐིམ་སོང་།

ཁོ་བོར། ཁྱེད་ཅག་གི་དཔའ་སྟོབས་ལ་འགྲེལ་བརྗོད་ཀྱི་ཚིག་འབྲུས་མི་འདང་ལ། ཡིད་གདུང་བའི་མྱ་ངན་གྱི་ཚོར་འདུ་ཡོད་ཚད། ངུ་ངག་ཅིག་ལ་བཅོལ་དགོས་བསམ་མོད་ཀྱང་། ངུ་སྟངས་ཤིག་དང་མིག་ཆུའི་བཞུར་རྒྱུན་ཞིག་གིས། སེམས་ཁོང་གི་གདུང་བར་འགྲེལ་བརྗོད་ཅིག་ཀྱང་བྱ་ཐབས་ཡོངས་སུ་བྲལ་སོང་། གལ་ཏེ། ཁྱེད་ཅག་གི་དཔའ་སྟོབས་ལ་འགྲེལ་བརྗོད་ཀྱི་ཐ་སྙད་ཅིག་ཡོད་ཚེ། ཐ་སྙད་དེ་ད་ལྟ་བྱུང་མི་འདུག་ལ། གདུང་སེམས་ཀྱིས་བརླན་པའི་སྐྱོ་གར་དག་ངུ་སྟངས་ཤིག་གིས་མཚོན་ཐུབ་ཚེ། ངུ་སྟངས་དེ་ད་ལྟའང་འཁྲབ་ཚན་ནང་ཐོན་མི་འདུག འོན་ཏེ། ཁྱེད་ཅག་གི་དཔའ་སྟོབས་ལ་གུས་འདུད་དང་། སེམས་ཁོང་གི་མྱ་ངན་དེའི་མཚོན་དོན་ཙམ་ཞིག་གི་སླད། གདུང་སེམས་མཚོན་པའི་ཚིག་ཚོགས་འདི་ཕུལ་ཡོད།

ཀྱེ་ཀྱེ། ས་ཡ་དྲུག་གི་བདེན་དོན་མཁའ་དབྱིངས་སུ་སྒྲོགས་བཞིན། ལ་ཞེན་གྱི་ཁུ་ཚུར་མཁའ་དབྱིངས་ན་འགྲེང་བའི། རེ་བ་དང་ཡིད་ཆེས་ཀྱི་བརྟས་པའི་ཆོད་སེམས་ཤིག་སྦྲུམ་བཞིན། ལྷོག་ལྷོག་ཏུ་འབར་བའི་ཞི་རྒོལ་གྱི་མེ་ལྕེའི་མངལ་དུ་ཐིམ་པའི་རྣམ་ཤེས་ཀྱི་ཚོགས་དཔུང་། ཁོ་བོས། ཁྱེད་ཅག་བདེ་བར་གཟིམས་པར་སྨོན། ཁྱེད་ཅག་བདེ་བར་གཟིམས་པར་སྨོན། ​ ཨོ་མ་ཎི་པདྨེ་ཧུྃ།

༈དེ་རིང་གི་བོད།

                            རྔ་བ་ཀུན་བཟང་།

འབར་བཞིན་པའི་དེ་རིང་གི་བོད།

འཇིགས་སྣང་གི་དེ་རིང་གི་ཕ་ས།

ཞི་བདེ་མེད་ལ་ལྷིང་འཇགས་དེ་བས་ཀྱང་མེད།

ངའི་འཇིག་རྟེན་ལ་ཁ་དོག་བྲལ།

 

ཀྱེ་མ།   ངའི་མཛེས་སྡུག་གི་ཕ་ཁྱིམ་དྲོན་མོ།

ངའི་ཤ་ཁྲག་གི་ནང་མི་སྤུན་ཟླ་ཚོས།​

མི་རིགས་དང་རང་དབང་བསམ་ས་ནས་འབར་གྱིན།

འདྲ་མཉམ་དང་ཞི་བདེ་འབོད་ནས་རྫོགས་པར་ཉེ་བའི།

ངའི་གངས་ཅན་པ། ངའི་དཔའ་བོ་རྣམས།

ཁྱེད་ཅག་གི་འཇིགས་པ་མེད་པའི་སྙིང་སྟོབས་དང་།

ཞུམ་པ་མེད་པའི་བློ་སྟོབས་ཀྱིས། འབར་བཞིན་པའི་མེ་ལྕེ་རེ་རེའི་བར་ནས།

མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ལས་དབང་བསམ་གྱིན།

ངའི་མཛེས་སྡུག་གི་འཇིག་རྟེན་ཆུང་ཆུང་ནས། གཡོལ་བ་མེད་པའི་སེམས་པ་ཞིག་གིས།

གཏན་ཏུ་ཆས་ཟིན་པ་སྔ་ས་ནས་ཤེས་ཡོད།

 

རེད་ཡ།   དེ་རིང་གི་བོད།

ལ་ལ་དཀའ་སྡུག་གིས་མནར་གཅོད་འོག་ནས་ལངས་བཞིན།

ལ་ལའི་མིག་ཆུའི་ཕྲེང་རྡོག་རེ་རེ་ཚེ་སྲོག་གི་དར་སྐུད་ལ་འཐིམ་ཞོར།

ལ་ལའི་གློ་སྙིང་གི་ཁྲག་དམར་བཞུར་ནས་རང་དབང་འབོད།

ལ་ལས་གཅེས་པའི་ཕ་མ་དང་སྤུན་ཟླའི་ལས་དབང་སྐྱུར་མོ་བསམ་བཞིན།

གཉོམ་དུང་དུང་གི་བདེན་དཔང་འཕར་མ་ཞིག་གི་ཆེད་དུ།

རྒྱ་དམར་པོའི་ལག་འོག་ནས་ཐར་མ་མྱོང་ཨང་།

 

ཀྱེ་མ་ཀྱི་ཧུད། གངས་ཅན་པའི་ལས་དབང་འདི་ཅི་ཞིག་རེད།

ངོ་མ་དེ་རིང་གི་གཉོམ་ཆུང་ཆུང་གི་མི་རིགས་འདི།

སུ་ཞིག་གི་མིག་ཟུང་ནས་བོར་སོང་ངམ།

 

༈ དྲན་སྣང་གི་རི་གྲོང་།

                                རི་བ།

དགོང་ཁའི་དུངས་བ་བཞད་པའི་འཛུམ་མདངས་ཅི།།

དྲན་པ་བྱང་དུ་ཕྱོགས་པའི་རླུང་བུ་ནི།།

སྡོང་ལོ་བསྒུལ་བའི་རྐང་ལ་ཟེགས་བཞིན་དུ།།

གཡང་དུ་འཁྱིལ་བའི་ཡུལ་དུ་བོས་ནས་འགྲོ།།

 

སྤྲིན་པས་གཡོགས་པའི་ནམ་མཁའི་ངོས་སུ་གང་།།

སྐར་མའི་ཚོགས་ཀྱི་ལྷན་འཛོམས་མེད་ཚུལ་གྱིས།།

མཐོ་བའི་དབྱིངས་སུ་མིག་ཞགས་འཕེན་པའི་མདའ།།

རི་གྲོང་སྙིང་དུ་ཤར་བའི་མིག་མདངས་རུབ།།

 

ལྷད་མེད་སེམས་པའི་ངོགས་ཀྱི་གཏམ་རྒྱུད་དེ།།

ཡུལ་མཐའི་དྲན་པར་འཁྱིལ་བའི་བྱིས་སྒྲུང་བཞིན།།

གློ་བར་བསྙིལ་བའི་འདང་ཀྱི་ཆ་ཤས་ཀྱང་།།

རང་བྱུང་རོལ་མོའི་དབྱངས་སུ་འཐིམས་ནས་ཡོད།།

 

དུས་ཀྱིས་ལོ་ཟླ་བཞག་པའི་ངང་ཚུལ་གྱི།།

མི་ལོ་བཅུ་གྲངས་འཁོར་མོའི་གོམ་འགྲོས་ཀྱང་།།

གང་གའི་ཆུ་མོ་འཁྱུད་པའི་བྱེ་མ་ལས།།

གྲུ་ཆུང་ཞིག་གིས་སྐྱོམ་པའི་སྣང་བརྙན་བཞུད།།

 

ཁ་སང་ཡིན་པར་འཁྲུལ་པའི་སྣང་བ་ན།།

སེམས་པར་གཙེས་པའི་མདོག་ཞིག་བྱུགས་པ་ནི།།

ས་རྡུལ་ཀློང་གི་བབ་ཆགས་དྭངས་མ་སྟེ།།

པྲ་ཚགས་བྱིས་པ་གང་བྱུང་འདུར་སའི་གནས།།

 

ཨ་མའི་སྐྲ་ལོའི་བྲིས་པའི་ཡིག་ཆུང་དག།

སུ་ཡིས་ཡིད་ན་ཡོད་པ་མ་ཡིན་ཀྱང་།།

ང་ཡིས་སེམས་པའི་བསྙིལ་པའི་བདུད་རྩི་ནི།།

དུས་བཞིའི་གདོང་ལ་བུད་པའི་རི་མོ་ཡིན།།

 

དྲན་པའི་ཡུལ་ལ་བརྐྱངས་པའི་གཤོག་པ་ན།།

དྭངས་མའི་བག་ཆགས་མཚོ་བཞིན་འཁྱིལ་བ་ཡང་།།

གང་གི་སོར་རྩེ་ཆུད་པ་མ་ཡིན་པས།།

སེམས་སུ་འཁྱིལ་བའི་ངག་དེ་ཡང་ཡང་ཤོར།།

 

༈ སེམས་ཚོར་ཐོལ་བྱུང་མ།

                             མུ་ཏོ་བ།

སྤྲིན་ཕུང་ལེབ་མོ་མཁའ་རུ་ཤུགས་ཀྱིས་ལྡང་ནས།།

རྒོད་པོའི་འཕུར་ལམ་རིང་མོ་བཙན་གྱིས་བཀག་བྱུང་།།

མི་འདོད་བཙན་རྫོང་སྟུག་པོ་ཐོལ་གྱིས་བརྒལ་བའི།།

རང་དབང་བར་སྣང་ཡངས་པོ་སུ་ཡིས་ཕྱེས་ཡོད།།

 

གྲིབ་སོ་ནག་པོའི་འཇབ་རྒོལ་ཐོལ་གྱིས་འཕྱུར་ཏེ།།

ས་སྲོད་ཉི་འོད་སྣང་བ་ཁད་ཀྱིས་བཏུམས་སོང་།།

རྒྱང་རིང་གནམ་སའི་སྦྲེལ་མཚམས་ཧྲག་གེར་ཕྱེ་བའི།།

སྐྱ་རེངས་འོད་ཀྱི་གོང་བུ་གང་དུ་སྦྲུམ་ཡོད།།

 

ལོ་ཟླའི་ཆུ་རྒྱུན་མདུན་ནས་མདུན་དུ་རྒྱུགས་ཏེ།།

མི་ཚེའི་ཕུགས་འདུན་རྒྱང་ནས་རྒྱང་དུ་ཡལ་དུས།།

རབ་རིབ་རྨི་ལམ་མོད་པོའི་ཁུགས་སོ་རེ་ནས།།

ལྷིང་འཇགས་འཚོ་བ་སུ་ཡིས་བདག་ཏུ་བཟུང་ཡོད།།

 

ཁྲེལ་གཞུང་ཕྱི་ཐག་སྲོག་གི་རྒྱུ་བ་འགགས་ནས།།

རྒྱུ་དང་འབྱོར་བའི་དབང་ཐང་དགུང་ལ་ཟུག་དུས།།

ཤ་རུས་འབྲེལ་ཐག་གཉོམ་པའི་མི་ཡུལ་འདི་ནས།།

ལྷད་མེད་བརྩེ་བའི་ལག་ཟུང་རྐྱོང་མཁན་སུ་ཡོད།།

 

ཚུལ་མིན་བློ་ཡི་འཁྱེར་སོའི་བར་གསེང་རེ་ནས།།

སྣ་ཚོགས་འགལ་འདུའི་རི་མོ་གཟུགས་སུ་ཕབ་སྟེ།།

མི་སེམས་མི་ཡིས་གླེང་བའི་གཏམ་རྒྱུད་ངོགས་ན།།

མི་ཡུལ་སྐྱིད་སྡུག་འཚོ་བའི་སྣང་བརྙན་བཞེངས་ཡོད།།

 

༈ དཀོན་མཆོག་མཁྱེན།

                            འཁྲི་ཤིང་།

སྙིང་སྟོབས་མེ་ལྕེ་འབར་བའི་སྐྱེས་བུ་ཞིག །

བརྩོན་འགྲུས་ཅང་ཤེས་བཞོན་ནས་བགྲོད་དུས་ན།།

བར་ཆད་ལྷག་རླུང་དྲག་པོའི་ཐལ་རྡུལ་གྱིས།།

འཕྲང་ལམ་མོག་མོག་མ་བཟོ་དཀོན་མཆོག་མཁྱེན།།

 

ཤེས་རིག་མེ་ཏོག་སྣ་བརྒྱ་བཞད་པའི་གླིང་།།

ལང་ཚོའི་མཚར་སྡུག་རྫོགས་པའི་དམན་ཆུང་ཞིག །

རིག་པའི་བང་རྩལ་འགྲན་པའི་ངལ་དུབ་ཆུ།།

ཤུལ་མེད་བྱེས་མར་མ་བཏིག་དཀོན་མཆོག་མཁྱེན།།

 

སེམས་པ་དྲན་གདུང་ནད་ཀྱིས་དྲག་ཏུ་གཟིར།།

ལུས་པོ་འབྱུང་བཞི་འཁྲུག་པའི་གཡུལ་སར་ལྷུང་།།

ཕྱི་ནང་འགལ་རྐྱེན་སྤྲིན་ནག་འཁྲིགས་གྱུར་ཀྱང་།།

མདུན་བསྐྱོད་སྤོབས་པའི་ཀ་ཆེན་རབ་བརྟན་པའི།།

 

ས་མཐའི་ལྡོང་བུ་བདག་གི་སྙིང་ཆུང་མའི།།

རྔུལ་ཆུས་ལན་བརྒྱ་བཀྲུས་པའི་སྟོན་ལོ་དེ།།

བརྩེ་མེད་སྟོན་ཀའི་སེར་བའི་འཇིག་ཉེན་ལས།།

མཐུ་ལྡན་སྔགས་ཀྱིས་སྐྱོབས་ཤིག་དཀོན་མཆོག་མཁྱེན།།

 

སྙིང་ཆུང་བར་ཆད་བདུད་ཀྱིས་གཙེར་དུས་ན།།

མཐུ་ལྡན་གྲོགས་སུ་འོས་པའི་ཤེས་རིག་མིག །

དུས་བཞིར་སྙིང་གི་པད་མོར་སྒོམ་པའི་ལྷས།།

ད་ཐེངས་བདག་ལ་སྩོལ་ཅིག་དཀོན་མཆོག་མཁྱེན།།

༢༠༡༦/༩/༣ཉིན།

༈བདེན་མཐོང་ངུ་འབོད།

                            མྱུག་གསར།

ཧམ་སེམས་མེ་ཟླུམ་ཨ་སྔོན་དབྱིངས་ལ་འཕྱོ།།

གངས་ཅན་ཡུལ་ལ་སྤྱང་ཀིའི་དཔུང་ཚོགས་བསླེབས།།

ཉམས་དག་ལུག་ཁྱུ་ཉིན་མཚན་དབྱེར་མེད་འགེམ།།

ཕ་གཞིས་ཀུན་ནས་ཁྲག་གི་རྦ་རླབས་འཕྱུར།།

 

ཞི་བདེའི་འོད་མདངས་ན་བུན་ཀློང་ལ་འཐིམ།།

རྟ་བདུན་དབང་པོ་འཕགས་ཡུལ་ཕྱོགས་སུ་བུད།།

མཁའ་དབྱིངས་ཟླ་བ་དམར་པོའི་བཙོན་དུ་ལྷུང་།།

ལས་འབྲས་ལྡོག་པའི་སྤྱང་ཀིས་རྒྱལ་མཚན་འགྲེང་།།

 

ཀ་ཁའི་ཚེ་སྲོག་ངམ་གྲོག་ཆུ་བོར་འཕངས།།

ནང་བསྟན་གསུང་རབ་མེ་ལྕེའི་ཀློང་དུ་བཅིལ།།

རྩྭ་ཁ་ཤོར་བའི་ལོ་ནག་སྨག་གིས་བསྒྲིབས།།

གཡང་དཀར་ལུག་རྒྱུའི་ལས་དབང་རླུང་བུས་དེད།།

 

ན་གཞོན་མ་ལུས་དམར་པོའི་དཔུང་དུ་སྐོང་།།

དམན་ཤར་ལང་ཚོ་བཙན་གཡེམ་ཁོ་ནས་འཕྲོགས།།

མི་ཆེན་དཔོན་ཆེན་གཉའ་གནོན་བར་མེད་མྱངས།།

མི་སེར་ཚེ་སྲོག་ངལ་རྩོལ་འོག་ནས་ཤོར།།

 

རིན་ཆེན་གཏེར་རྫས་ཤར་མཐའི་ཡུལ་དུ་འོར།།

བོད་ས་མ་ལུས་ཐལ་བའི་གོས་ཀྱིས་ཀླུབ།།

ཞིམ་མངར་ལྡན་པའི་གཙང་ཆབ་དུག་གིས་སྦགས།།

ཡུལ་ལུང་གང་སར་ཁྲ་དྲིས་ཡོངས་སུ་གཏམས།།

 

དམར་པོའི་སྡུག་རྩུབ་སེམས་ཀྱིས་མ་བསྲན་ཡང་།།

རང་གི་རིགས་ལ་སྒོར་མོ་མང་བའི་དུས།།

རྒྱལ་ཞེན་བསམ་པ་མཐའ་ཡས་རྒྱ་མཚོར་སྟིམ།།

རིག་གཞུང་གཅེས་འཛིན་རྨི་ལམ་ཞིང་སར་འདེབས།།

 

རང་སྐད་མི་ཤེས་མཆོད་གཤོམ་ནང་དུ་སྒྲིག།

གཞན་གྱི་སྐད་ལ་གདུང་བ་མེ་ལྟར་འབར།།

རྒན་གཞོན་ཡོངས་ནས་རློམ་སེམས་རྦ་ལོང་འཕྱུར།།

དེ་འདྲའི་ངང་ནས་མི་རིགས་འཇའ་བཞིན་ཡལ།།

 

མཐུན་སྒྲིལ་རྒྱང་བོས་མགྲིན་པའི་རྒྱན་དུ་བཏག།

སྤུན་ཟླ་ཟེར་ཞིང་ནང་དམེའི་གཏམ་བརྒྱུད་བརྩམས།།

ཆོལ་ཁའི་དབར་ལ་ཞེན་ཁོག་སྤུ་སུད་མང་།།

གཞན་གྱིས་འཕྱ་བའི་ལག་རྗེས་གང་སར་བཞག།

༈ འབྲོག་ཕྲུག་རྣལ་མ་ཞིག་གི་ཚོར་བ་རྗེན་པ་ཞིག

                            ལྷ་ཐོག་ཕ་བཟང་བུ།

དབྱར་གྱི་ནམ་ཟླའི་ཁ་མདོག་མངོན་དུས།།

དོག་མོ་ས་གཞི་སྔོ་ལྗང་ལྗང་མདོག །

འབྲི་དང་མཛོ་མོ་ཤ་ཤེད་རྒྱས་དུས།།

དཀར་ཆུ་འོ་མ་ཆར་བ་འབབ་འབབ།།

 

སྤང་དང་རི་རབ་རྩ་རྩིས་གཡོགས་དུས།།

རྟ་ནོར་ལུག་གསུམ་མ་ལུས་བགྱེས་སོང་།།

ཆུ་གཞུང་རིང་མོའི་བཞུར་སྒྲ་གྲགས་དུས།།

ལྡེམ་མྱུར་ཉྭ་མོ་འཁྱུག་འཁྱུག་ཆས་སོང་།།

 

རི་རྒྱལ་ལྷུན་པོ་བརྗིད་ཅིང་བརྟན་སོང་།།

གངས་སེང་དཀར་མོས་ཞྭ་མོ་མནབས་ཤིང་།།

རྟ་བདུན་དབང་པོ་རྒྱང་ནས་བྱོན་དུས།།

དད་པའི་ཤུགས་ཀྱིས་མགོ་ཞྭ་ཕུད་སོང་།།

 

རྒྱ་རྫོང་ནགས་གསེབ་སྟུག་པོའི་གསེབ་ནས།།

གཏུམ་དྲག་གཅན་གཟན་ངར་གྱིས་འགྱིང་དུས།།

གཉོམ་ཆུང་ར་ལུག་རྟ་ཟོག་སེམས་ཅན།།

ཐོས་པའི་འཕྲལ་ལ་མི་འགྱངས་བུད་སོང་།།

 

ལྷས་འདབས་འབྲོག་ཁྱི་ཟུག་ཟུག་བྱེད་དུས།།

རྒྱང་གི་མགྲོན་པོ་སླེབས་པའི་སྔ་ལྟས།།

ཁྱིམ་གྱི་ཨ་མ་སྒོ་ཁར་ཕྱིན་ནས།།

མགྲོན་པོའི་རྟ་ཁ་བླངས་ནས་བསུས་སོང་།།

 

སྨག་ནག་མུན་པ་དལ་གྱིས་རུབ་དུས།།

རྫི་བོས་སྒོ་ཟོག་ལྷས་རར་བརྫངས་སོང་།།

ཉིན་གང་རི་ལ་བསྐྱོད་པའི་དཀའ་ཚེགས།།

རྫི་ཇ་ཚ་བོས་ལུས་སེམས་ལྷོད་སོང་།།

 

དཀར་ཁུང་ཉི་མ་རྐུབ་ལ་ཤར་ཤར།།

དགུན་དུས་ཞོགས་ཉལ་སེམས་ལ་མེད་ཅིང་།།

ཆུ་མོ་འཁྱགས་ཀྱིས་བསྡམས་པའི་དར་ཐོག །

འཁྱག་ཤུར་གློད་པར་ཡང་ཡང་ཕྱིན་མྱོང་།།

 

ཁ་བ་བུ་ཡུག་འཚབ་ཚུབ་ལྡང་དུས།།

དཔྱིད་ཀྱི་ནམ་ཟླ་སེམས་ཀྱི་ཞིང་ཁམས།།

གྲང་ངར་རླུང་གིས་སུག་ལག་འཁོབ་དུས།།

དབྱར་གྱི་ལོ་ཟླ་མཚན་མོའི་རྨི་ལམ།།

 

ན་བུན་སྨུག་པོས་མཐོང་ལམ་བཀག་དུས།།

སྒོ་ཟོག་སེམས་ཅན་རི་ལ་གྲམ་འགྲོ །

ཀ་དང་ཀི་སྒྲ་མ་སྒྲོག་བཞག་ན།།

སྤྱང་ཀི་འཇབ་སྟེ་བརླ་ནས་དྲུད་འགྲོ །

 

དཀར་པོ་དངུལ་གྱིས་རི་ཀླུང་གཡོགས་ཤིང་།།

སྟུག་པོའི་ནགས་ལ་དྲོད་ཀྱང་མེད་དུས།།

རྩ་ཆུ་གང་བཟང་གནས་མལ་རོལ་བ།།

རྨུག་རྗེས་འཚོལ་བ་རྫི་བོའི་ལས་དབང་།།

 

ལ་མགོ་ལུང་མདའ་མཐོ་དམའ་བར་གསུམ།།

རྫི་བོའི་རྐང་རྗེས་རི་མོ་དོད་ཡོད།།

ཉིན་ཞག་ནམ་ཟླས་ལོ་ཕྲེང་བསྐོར་ཀྱང་།།

སེམས་ཀྱི་རི་མོ་ཟུབ་ཐབས་མི་འདུག །

 

མུ་མེད་ན་ཁའི་རྩྭ་ལྗང་ཁྲོད་ལ།།

ཅང་ཤེས་རྟ་ཕོའི་གོམ་བགྲོད་ངོམ་ས།།

ཚང་ཚིང་མེ་ཏོག་མགོ་བོ་ལྡེམ་སར།།

དར་དིར་བུང་བས་ཞབས་བྲོ་རྒྱག་ས།།

 

ཆར་པ་སིམ་སིམ་དལ་གྱིས་འབབ་ཞིང་།།

རི་མགོ་ཕན་ཚུན་འཇའ་ཡིས་མཐུད་དུས།།

ལྷག་རླུང་འཇམ་པོའི་འགྲོས་དང་བསྡོངས་ནས།།

འབྲོག་མོའི་སྙན་པའི་ངག་གླུ་ཐོས་ཡོང་།།

 

ལང་ཚོའི་ནུ་འབུར་རྒྱས་པའི་སྨན་ཆུང་།།

སྦྲ་ནག་གྲུ་བཞིའི་ནང་ལ་ཡོད་རེད།།

མཚན་མོ་སྨག་ནག་མུན་པའི་ཀློང་ལ།།

ན་གཞོན་ཕོ་གསར་ང་འགྲོ་ཁོ་འགྲོ །

 

འབྲོག་མོའི་བཞིན་བཟང་དབྱར་གྱི་མེ་ཏོག །

ཆར་སིམ་སིམ་མའི་མིག་ཆུ་བྱོ་དུས།།

དགའ་མགུ་ཡིད་ཀྱི་གསང་གཏམ་རིང་མོ།།

སྨྲ་མེད་སེམས་པའི་དབུས་ལ་བསྙལ་སོང་།།

 

འབྲོག་ས་སྐྱིད་པོ་སེམས་ལ་སྒོམ་ཞིང་།།

འབྲོག་རར་སྤྲིངས་པའི་སེམས་ཀྱི་ངུ་ངག །

འབྲོག་ཕྲུག་རྣལ་མའི་ངག་ནས་ཤོར་དུས།།

འབྲོག་སྡེའི་ཞིང་ལ་མི་འགྱངས་ཆས་འགྲོ །

༢༠༡༦-༡༡-༦ཉིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *