“ འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་སྐྲུན་ཐབས་ ”སྐོར་ལ་དཔྱད་པ།

རྩོམ་ཡིག་འདི་ཐེངས་ 478 བཀླགས་འདུག

ནོར་གླིང་མཐོ་སློབ།   ལི་ཐང་དབྱིག་གཉེན།

[ནང་དོན་གནད་བསྡུས། ]

ཐུབ་པའི་དགོངས་པ་བཀའ་འགྱུར་དང་བསྟན་འགྱུར་ལས་ “འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས ” ་ཇི་ལྟར་བྱ་བ་དང་།  དེང་རབས་དང་མཐུན་པའི་ཐོག་ནས་༸ རྒྱལ་བ་རིན་པོ་ཆེའི་དགོངས་པ་ལྷན་ཐབས་བྱས་ཏེ་ཁ་གསལ་བྲིས་ཡོད།

[བརྡ་ཆད་གཙོ་བོ།]

བདག་གཞན་མཉམ་པ།  བདག་བས་གཞན་གཅེས།  གཅིག་མཚུངས།  འདྲ་མཉམ།

ཐོག་མའི་མཆིད།

དེ་ཡང་འདིར་གནད་གཅིག་གི་སྟེང་ནས་ཅུང་ཟད་གླེང་བར་བྱ་བ་ནི།  ༧ གོང་ས་སྐྱབས་མགོན་ཆེན་པོས་རྟག་ཏུ་གང་སར་གསུང་བཞིན་པའི་དམ་པ་ཁོང་གི་མཛད་འཁུར་རམ། འགན་ཁུར་ཆེན་པོ་གསུམ་སྟེ།  གཅིག  འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་སྐྲུན་ཐབས་དང་།  གཉིས་པ། གང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་བར་དུ་མཐུན་འབྲེལ་གྱི་ནུས་པ་བསྐྲུན་རྒྱུ་དང་། གསུམ་པ།  ཁོང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ཆབ་སྤེལ་རིག་གསུམ་འཛིན་སྐྱོང་བྱ་རྒྱུ་ཡིན་ཞེས་པའི་གསུམ་གྱི་ཡ་གྱལ་ཏེ།  དང་པོ།  འགྲོ་བ་མི་རྣམས་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་སྐྲུན་ཐབས་སྐོར་ནས་རྩ་བའི་ས་བཅད་རྣམ་པ་གསུམ་གྱི་སྟེང་ནས་གླེང་རྒྱུ་ཡིན།  དང་པོ་འགྲོ་བ་མི་ལ་གཅིག་མཚུངས་སུ་ལྟ་བའི་འདུ་ཤེས་ཀྱི་དགེ་ཕན་གང་དེ་ཉིད་མདོ་ལས་ཇི་ལྟར་བསྟན་པ་དང་། དེའི་དོན་དེ་ཉིད་བསྟན་བཅོས་ལས་ཇི་ལྟར་འགྲེལ་བའི་ཚུལ། དེ་ལྟར་མ་བལྟས་བའི་ཉེས་སྐྱོན་དང་། ཇི་ལྟར་བྱས་ཏེ་འགྲོ་བ་མི་རྣམས་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་སྐྲུན་ཐབས་དེ་ཉིད་ཀྱི་དགོངས་པ་༧ གོང་ས་མཆོག་གིས་དེང་རབས་དང་མཐུན་པའི་ཐོག་ནས་ཇི་ལྟར་འགྲེལ་བའི་ཚུལ་བཅས་ལས་འཕྲོས་ཏེ་ཅུང་ཟད་ཅིག་གླེང་བར་བྱའོ། །

1] འགྲོ་བ་མི་ལ་གཅིག་མཚུངས་སུ་ལྟ་བའི་འདུ་ཤེས་ཀྱི་དགེ་ཕན་གླེང་བ།

འགྲོ་བ་མི་ཡོངས་ལ་གཅིག་མཚུངས་ཀྱི་འདུ་ཤེས་སམ།  ལྟ་ཚུལ་གཅིག་ཡོད་པ་ནི་ཚང་མས་བདེ་བ་འདོད་པ་དང་།  སྡུག་བསྔལ་མི་འདོད་པ་འདི་ཉིད་ཡིན། གནས་ལུགས་འདི་ལ་བརྟེན་ནས་ང་ཚོས་ཕན་ཚུན་གཅིག་གིས་གཅིག་ལ་གུས་བརྩི་དང་། ཆེ་མཐོང་།  བླ་མེད་ཀྱི་གདེང་འཇོག  རང་ཉིད་གཅིག་པུ་མ་ཡིན་པར།  གཞན་ཉིད་ཀྱང་འགྲོ་བ་མི་ཞིག་ཡིན་པའི་འདུ་ཤེས་དང་།  གང་གི་ཐད་ནས་དེ་ནི་ཆེས་རྩ་ཆེ་བའི་རང་ཉིད་དང་འདྲ་བར། འགྲོ་བ་མི་ཞིག་ཡིན་པར་མ་ཟད།  བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ།  དགའ་བ་འདོད་པ་དང་སྐྱོ་བ་མི་འདོད་པ། བརྩེ་བ་འདོད་པ་དང་སྡང་བར་མི་འདོད་པ། དུས་དང་རྣམ་པ་ཐམས་ཅད་དུ་རང་ལ་ཕན་པ་དང་བདེ་བའི་དངོས་པོ་ཅི་ལྟར་འདོད་པ་དེ་གཞན་ལ་ཡང་དེ་ལྟར་འདོད་པས།  རང་གི་བདེ་བ་བསྒྲུབ་པའི་ཆེད་དུ་འབད་རྩོལ་དང་བརྩོན་འགྲུས་བྱེད་པ་ལྟར།  གཞན་གྱི་བདེ་བ་སྒྲུབ་པའི་ཆེད་དུ་ཡང་དེ་ལྟར་བརྩོན།  རང་ལ་སྡུག་བསྔལ་གྱི་རྣམ་པ་ཕྲ་མོ་ཙམ་ཡང་སྤོང་བ་ལ་བརྩོན་པ་ལྟར།  རང་ལ་ཡང་སྡུག་བསྔལ་ཕྲ་མོ་ཙམ་ཡང་སྤོང་བ་ལ་བརྩོན་པ་ལྟར།  གཞན་ལ་ཡང་སྡུག་བསྔལ་ཕྲ་མོ་ཚུན་ཆེད་སྤོང་བ་ལ་བརྩོན།  རང་ལ་བདེ་སྐྱིད་དང་ལོངས་སྤྱོད་སོགས་ཡོད་ན་དགའ་བ་ལྟར།  གཞན་ལ་ཡང་བདེ་སྐྱིད་དང་ལོངས་སྤྱོད་སོགས་ཡོད་པ་ལ་སྙིང་ཐག་པ་ནས་དགའ་བ་བསྒོམ།  མདོར་ན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རང་དང་ཁྱད་མེད་དུ་བལྟས་ནས།  འཕྲལ་དང་ཡུན་གྱི་བདེ་བ་འབའ་ཞིག་སྒྲུབ་པའི་ཐབས་ཁོ་ནར་འབད་དགོས་པ་དེ་ཡིན།།

01མདོ་ལས་བསྟན་པ།

དེ་ལྟར་བརྒྱ་བཤད་ཚིག་གི་རྩ་བ་དང་།  སྟོང་བཤད་འོ་མའི་མ་ལོ་ཇི་ལྟར་བགྱིས་ཀྱང་། ཐུག་ས་གཅིག་ཡོད་པ་ནི།  ཆོས་ལུགས་རང་སྟེང་སྟེ། བདག་ཉིད་ནང་པ་ཞིག་ཡིན་པའི་ངོས་ནས་གླེང་ན།  ཐེག་པ་ཆེན་པོའི་སེམས་བསྐྱེད་ཅེས་པ་འདིར་ཐུག་འདུག་སྟེ།  འདི་ལ་ཡང་སེམས་བསྐྱེད་ཚུལ་རྣམ་པ་མི་འདྲ་བའི་ཚུལ་འགའ་རེ་ཡོད་ཀྱང་།  གཙོ་བོར་གྱུར་པ་ནི་གོང་དུ་བཤད་པའི་འདྲ་མཉམ་གྱི་ལྟ་ཚུལ་ཏེ། ཐེག་ཆེན་སེམས་བསྐྱེད་ནང་ཚན་ “བདག་གཞན་མཉམ་པ ”་དང་། “ བདག་བས་གཞན་གཅེས ”་ཞེས་པ་འདི་ཉིད་ཡིན།  འདི་ནི་ཐེག་ཆེན་སེམས་བསྐྱེད་ཀྱི་ནང་སྙིང་ངོ་མ་ཞིག་ཡིན་ཏེ།  མདོ་ལས་བསྟན་པར་ལྟར་ན། [1] “ དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤྰ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།  ཤྰ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་པ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་པར་བྱའོ། ” ཞེས་གསུངས་ཚིག་འདི་ཉིད་ལས་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་རྩ་བའི་མདོ་དེ་ཉིད་བྱུང་།  དེ་ལྟར་འདིའི་དོན་ལ་གཞིགས་ནས།  ང་ཚོས་མཉམ་དུ་བདག་གཞན་མཉམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་ལ་རེ་ཞིག་བལྟ་བར་བྱ། འདི་ལྟར་ཐོག་མ་མེད་པའི་དུས་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་འཁྱམས་པའི་རྒྱུ་ང་མེད་ལ་ང་དང་།  བདག་མེད་ལ་བདག་ཏུ་བཟུང་ནས་བདག་ཁོ་ན་གཅེས་པར་བཟུང་བས་ལན་པ་ཡིན་ལ། དེས་ན་ང་ཚོས་འདི་ལྟར་བརྟག་དགོས་ཏེ། ད་ལྟ་རང་གི་དུས་རྣམ་པ་ཐམས་ཅད་དུ་རང་ལ་བདེ་བ་ཁོ་ན་འདོད་ཅིང་སྡུག་བསྔལ་གྱི་རྣམ་པ་སྣ་གཅིག་ཀྱང་མི་འདོད།  ཐ་ན་རང་ལ་ཚེར་མ་ཟུག་པ་དང་།  མེ་སྟག་ལྷུང་བ་ཙམ་ཡང་འཕྲལ་དུ་སྡུག་བསྔལ་མི་བཟོད་པ་སྐྱེས་ནས་ཨ་ཚ་ཚ་ཟེར་ཞིང་བསྲན་མི་བཟོད།  ཐ་ན་རྒྱབ་ནས་འདྲེ་ཤིག་གིས་ཟོས་ན་ཡང་དེ་མ་ཐག་དེ་ལ་ཞེ་སྡང་དྲག་པོ་ཞིག་གློ་བུར་དུ་ལངས་ཏེ་བསྙབ་ནས་འདྲེ་ཤིག་དེ་བཟུང་།  འདྲེ་ཤིག་དེ་བསད་ཟིན་ཀྱང་ད་དུང་ཡང་དེའི་ཐོག་ཏུ་ཞེ་སྡང་ཡང་ཡང་སྐྱེས། དེས་ན་རང་ལ་སྡུག་བསྔལ་ཆུང་ངུ་དེ་ཙམ་ཡང་མི་བཟོད་པར།  དེའི་ལན་དུ་གཞན་ལ་གནོད་པ་དང་སྡུག་བསྔལ་ཆེན་པོ་བྱེད་པ་འདི་ནི་ངོ་ཚ་བའི་གནས་ཤིག་ཅི་ལ་མིན་ཨང་། ཁམས་གསུམ་གྱི་སེམས་ཅན་འདི་དག་ཐམས་ཅད་ཀྱང་རང་ལ་བདེ་བ་ཐམས་ཅད་འདོད།  སྡུག་བསྔལ་སྣ་གཅིག་ཀྱང་མི་འདོད་པ་རང་ཉིད་དང་འདྲ་བ་ཁོ་ན་ཡིན་པར་ཤེས་དགོས་པར་མིན་གྲང་།  ཡང་རྗེ་དམ་པ་སངས་རྒྱས་ལ། དྲུང་པ་གཟི་རྣ་ཅན་གྱིས་གདམས་ངག་ཚིག་གཅིག་གིས་ཆོག་པ་ཞིག་ཞུས་པས།  ཁྱེད་རང་ཅི་ལྟར་འདོད་པ་གཞན་རྣམས་ཀྱང་དེ་ལྟར་འདོད་པ་ཡིན་པས་དེ་དང་སྦྱོར་ཅིག་གསུངས། དེས་ན་རང་ལ་གཅེས་པ་འཛིན་པ་དང་།  གཞན་ལ་སྡང་བར་འཛིན་པའི་ཆགས་སྡང་གི་བློ་ངན་རྩ་བ་དྲུང་ནས་ཕྱུང་སྟེ་བདག་གཞན་མཉམ་པ་ཉིད་དུ་བལྟ་དགོས་པ་ཡིན་ནོ།།

02བསྟན་བཅོས་ལས་བསྟན་པ།

དེ་ལྟར་གོང་དུ་གསུངས་པའི་མདོ་ཚིག་དེ་དག་གི་དོན་འགྲེལ་བ་ལ།  བསྟན་བཅོས་སུ་གཞུང་ཤོ་ལོ་ཀ་གཅིག་བྱུང་སྟེ།  དེ་ཡང་<<མངོན་རྟོགས་རྒྱན>>་ལས། [2] “སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།།  ཡང་དག་རྫོགས་པའི་བྱང་ཆུབ་འདོད།།  དེ་དང་དེ་ནི་མདོ་བཞིན་དུ།།  བསྡུས་དང་རྒྱས་པའི་སྒོ་ནས་བརྗོད།། ” ཅེས་གསུངས། དེའི་དགོངས་པ་འགྲེལ་བ་ལ།  ཐོག་མར་ [3] <<མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ>>་ལས། “ སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།།  ཡང་དག་རྫོགས་པའི་བྱང་ཆུབ་འདོད།།  དེ་དང་དེ་ནི་མདོ་བཞིན་དུ།།  བསྡུས་དང་རྒྱས་པའི་སྒོ་ནས་བརྗོད།།  ཅེས་པ་ལ་སེམས་ཤེས་པ་ནི་གཞན་དོན་དུ་དོན་ཙམ་འཛིན་པ་ལ་བརྗོད་དེ།  དེ་བས་ན་སེམས་ཀྱི་སྒྲས་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ལ་བཞེད་དོ།  ། གང་ཞིག་ཅེ་ན་གསུངས་པ།  སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།།  ཡང་དག་རྫོགས་པའི་བྱང་ཆུབ་འདོད།།  ཅེས་པ་སྟེ།  ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ལ་བྱའོ།  ། དེ་ལ་ཅི་སྟེ་བྱ་ཞེས་པ་ལ་གསུངས་པ། གཞན་དོན་ཕྱིར་ཞེས་པ་སྟེ། གཞན་དོན་ནི་རང་ལས་གཞན་པའི་སེམས་ཅན་ཐམས་ཅད་དོ། དེ་རྣམས་ཀྱི་དོན་ནི་འཁོར་བ་དང་འཁོར་བའི་རྒྱུ་དག་ལས་ཡོངས་སུ་སྒྲོལ་བ་དང་། སངས་རྒྱས་ཉིད་དང་སངས་རྒྱས་ཉིད་ཀྱི་རྒྱུ་ལ་རྣམ་པ་འགོད་པ་སྟེ། འགྲོ་བའི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་པའི་དོན་ཏོ།། ” ཞེས་གསུངས། འདིའི་དོན་ཡང་རང་གཅེས་པར་འཛིན་པའི་གཅེས་འཛིན་གྱི་བློ་དོར་ནས་རང་ལས་གཞན་པའི་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་བལྟས་ཏེ་སེམས་བསྐྱེད་པའམ། རབ་བྱུང་ན། རང་ལས་གཞན་པའི་སེམས་ཅན་མཐའ་དག་འཁོར་བའི་རྒྱུ་དག་ལས་སྒྲོལ་བ་འདོད་པའི་སེམས་བསྐྱེད་པ་ཉིད་དོ་ཞེས་པ་དང་། ཡང་པཎྡི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་[4]<<འགྲེལ་པ་གནད་ཀྱི་ཟླ་འོད>>་ལས།  སེམས་ཅན་ཐམས་ཅད་ལ་བདག་ཉིད་དང་མཉམ་པ་ཉིད་དུ་བལྟས་ནས།  དེས་སྐྱོབ་པ་དང་།  ཕན་པའི་བདག་ཉིད་ཀྱི་ཕན་པ་འགའ་ཞིག་གིས་འདིར་དེ་གང་ཡང་ཐེག་པ་དམན་པར་མི་ལྟུང་བས་དེའི་ཕྱིར་བྱམས་པ་ལ་སོགས་པའི་མཐོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ།  ཞེས་འགྲོ་བ་མི་རྣམས་ལ་བདག་ཉིད་དང་མཉམ་པ་ཉིད་དུ་ལྟ་བ་ནི་བཟང་ས་ནས་ཐེག་པ་དམན་པ་རུ་མི་ལྟུང་བར་ཐེག་པ་ཆེན་པའི་རིགས་ཀྱི་སྙིང་སྟོབས་ཤིག་ཏུ་གསུངས་པ་དང་། ཡང་བདག་ཉིད་དང་མཉམ་པ་ཉིད་དུ་ལྟ་བའི་སྟོབས་གཞན་ཞིག་བསྟན་པ་ནི། [5] <<བསྒོམ་རིམ་བར་པ>>་ལས།  “སེམས་ཅན་ཐམས་ཅད་བདེ་བ་ནི་འདོད།  སྡུག་བསྔལ་ནི་མི་འདོད་ལ།  ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་སེམས་ཅན་གང་ལན་བརྒྱར་བདག་གི་གཉེན་དུ་མ་གྱུར་པ་གང་ཡང་མེད་དོ་སྙམ་དུ་ཡོངས་སུ་བསམ་ཞིང་།  འདི་ལ་བྱེ་བྲག་ཅི་ཞིག་ཡོད་ན་ལ་ལ་ལ་ནི་རྗེས་སུ་ཆགས།  ལ་ལ་ལ་ནི་ཁོང་ཁྲོ་བར་གྱུར་པས་དེ་ལྟ་བས་ན་བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཉིད་དུ་བྱའོ་སྙམ་དུ་དེ་ལྟར་ཡིད་ལ་བྱ་ཞིང་བར་མའི་ཕྱོགས་ནས་བརྩམས་ཏེ།  མཛའ་བཤེས་དང་དགྲ་ལ་ཡང་སེམས་སྙོམས་པ་ཉིད་དུ་བསྒོམས་སོ།།” ཞེས་གསུངས་པར།  འདིས་ནི་ཐམས་ཅད་འདྲ་མཉམ་དུ་བལྟ་དགོས་པའི་རྒྱུ་མཚན་ལ། བདག་ཉིད་དང་།  གཞན་ཉིད་གཉིས་ཀས་བདེ་བ་འདོད་པར་མཚུངས་པ་དང་། སྡུག་བསྔལ་མི་འདོད་ཚུལ་གཅིག་ཡིན་པའི་ཁར། ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་སེམས་ཅན་གང་དང་གང་ཡིན་ཡང་། བདག་ཉིད་ཀྱི་ཕ་མ་རུ་མ་གྱུར་པ་གཅིག་ཀྱང་མེད་པའི་གནས་ལུགས་ལས། ང་ཚོས་གཞན་དག་བདག་ཉིད་དང་མཉམ་པ་ཉིད་དུ་བལྟ་དགོས་པར་གསུངས་པ་ཡིན། གཞན་ཡང་ཚིགས་བཅད་འདིའི་དོན་འགྲེལ་ཚུལ་གཞན་ཞིག་ནི། འཕགས་པ་རྣམ་པ་གྲོལ་སྡེས་མཛད་པའི་ [6] <<ཉི་ཁྲི་སྣང་བ>>་ལས། “འོན་ཏེ་འདོད་པ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན། འདི་འདོད་པ་དང་དེ་འདོད་པས། བྱང་ཆུབ་སེམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་མདོ་ནས་བཤད་པ་གང་དག་ཡིན་པ་འདི་ཡིན་ནོ།” ཞེས་གོང་དུ་དྲངས་པའི་ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་པ་འདིའི་འགྲེལ་བཤད་དུ་གསུངས་པ་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ [7]<<དབུ་མ་རིན་ཆེན་ཕྲེང་བ>>་ལས། “ སེམས་ཅན་རྣམས་ནི་བྱང་ཆུབ་ཏུ།།  སེམས་བསྐྱེད་བཅུག་ཅིང་བརྟན་བྱས་ན།།  རི་དབང་རྒྱལ་པོ་ལྟར་བརྟན་པའི།།  བྱང་ཆུབ་སེམས་སུ་རྟག་ཏུ་འཐོབ།། ” ཞེས་གསུངས་པ་སོགས་གྲངས་ཀྱི་མི་ལང་བ་ཞིག་ཡོད་ཀྱང་མངས་སུ་དོགས་ནས་མ་བྲིས་ཤིང་། དོན་དུ་“ བདག་གཞན་མཉམ་པ”་དང་། “ བདག་ལས་གཞན་གཅེས”་ཞེས་པའི་ཐ་སྙད་དང་དོན་གཉིས་ཀའི་ཡོང་ཁུངས་ནི་ནང་པའི་ཆོས་ལུགས་སམ།  ཆོས་གཞུང་ནས་བཤད་པ་ལྟར་བགྱིས་ཚེ།  འདི་དག་གིས་གོང་གི་རྩ་དོན་གཉིས་ཏེ།  ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་ནང་ཚན་ནམ།  ཡང་ན་སེམས་བསྐྱེད་ཀྱི་སྟོབས་སམ་བྱེད་ལས་དངོས་མ་དེ་བསྟན་པ་ཡིན་ནོ།།

2 ]འགྲོ་བ་མི་ལ་གཅིག་མཚུངས་སུ་བལྟ་མ་ཐུབ་པའི་ཉེས་སྐྱོན་གླེང་བ།

ཡང་ང་ཚོས་འགྲོ་བ་མི་ལ་གཅིག་མཚུངས་སུ་བལྟ་མ་ཐུབ་པའི་ཉེས་སྐྱོན་ཆེ་ཤོས་ཤིག་ནི། “བདག་ཉིད”་དང་།  “རང་ཉིད།”  “བདག་གཅེས”་དང་།  “རང་གཅེས”་ལས་བྱུང་བ་ཞིག་ཡིན་ཞིང་།  བདག་ཉིད་ལ་རང་གཞན་གཉིས་ཀར་བདེ་བ་བསྐྲུན་པའི་འགྲོ་བ་མིའི་བློ་དང་འབྲེལ་བའི་ཡོན་ཏན་རྣལ་མ་ཞིག་མེད་པས་ཡིན་ཏེ།  གཞན་ལ་བརྩེ་བ་མེད་པ་དང་།  སྙིང་རྗེ་མེད་པ།  བཟོད་པ་མེད་པ།  དགོངས་ཡངས་མེད་པ།  རང་ཉིད་ལ་ཆོག་ཤེས་མེད་པ། གཞན་སེམས་མེད་པ།  གཞན་དང་མཐུན་འབྲེལ་གྱི་འདུ་ཤེས་པའི་མེད་པའི་སྟོབས་ཀྱིས། ད་གཟོད་ང་ཚོ་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་མ་ཐུབ་པ་ཡིན་ལ། ང་ཚོས་རང་གཅེས་འཛིན་གྱི་ལྟ་བ་འདི་ཉིད་འདོར་མ་ཐུབ་པ་ཡིན། དེ་མ་ཐུབ་པའི་སྟོབས་ཀྱིས་ང་ཚོ་ལ་མི་དང་མིའི་བར་ལ་འདྲ་མཉམ་མིན་པའི་འདུ་ཤེས་སླེབ་ཀྱིན་ཡོད་པར་མ་ཟད།   ང་དང་ཁོ་ཞེས་པའི་བདག་ཉིད་མཆོག་གྱུར་གྱི་འདུ་ཤེས་འཛིན་སྟངས་འདིས་རང་གཞན་གཉིས་ཀ་ཡི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གཏོང་བཞིན་ཡོད་པ་རེད།  རེད་ཀྱང་།  ང་ཚོའི་བདག་གཞན་གཉིས་ཀའི་བདེ་སྡུག་ནི་མཚུངས་པ་ཡིན་ཏེ།  དེ་ཡང་རྒྱལ་སྲས་ཞི་བ་ལྷ་ཡི་བྱང་ཆུབ་སེམས་པའི་ [8] <<སྤྱོད་པ་ལ་འཇུག་པ>>་ལས། “ བདག་གིས་གཞན་གྱི་སྡུག་བསྔལ་བསལ།།  སྡུག་བསྔལ་ཡིན་ཕྱིར་བདག་སྡུག་བཞིན།།  བདག་གིས་གཞན་ལ་ཕན་པར་བྱ།།  སེམས་ཅན་ཡིན་ཕྱིར་བདག་ལུས་བཞིན།།  གང་ཚེ་བདག་དང་གཞན་གཉིས་ཀ།།  བདེ་བ་འདོད་དུ་མཚུངས་པ་ལ།།  བདག་དང་ཁྱད་པར་ཅི་ཡོད་ན།།  གང་ཕྱིར་གཞན་མིན་བདག་སྲུང་བྱེད།། ” ཅེས་བདག་གིས་གཞན་གྱི་སྡུག་བསྔལ་འདི་བསལ་དགོས་པ་ཡིན་ཏེ།  ཅིའི་ཕྱིར་ཞེ་ན།  སྡུག་བསྔལ་ཡིན་པའི་ཕྱིར།  བདག་ལ་སྡུག་བསྔལ་བྱུང་བ་དང་འདྲ་བ་དང་།  བདག་ཉིད་ཀྱིས་གཞན་ལ་ཕན་པར་བྱ་དགོས་ཏེ།  རྒྱུ་མཚན།  གཞན་ཡང་སེམས་ཅན་ཡིན་པའི་ཕྱིར་ན་གཞན་ལུས་འདི་ཉིད་ཀྱང་བདག་གི་ལུས་དང་ཁྱད་པར་མེད་པའི་ཕྱིར། ཅིའི་ཕྱིར་གཞན་ཉིད་མི་སྲུང་བར་རང་ཉིད་སྲུང་བཞིན་ཡོད་ཅེས་འདི་ནི་བདག་གཞན་མཉམ་པར་མི་བལྟ་བར་སྐྱོན་དུ་བརྩིས་ནས་བདག་གཞན་གཉིེས་ཀྱི་བདེ་སྡུག་མཚུངས་པར་བསྒྲུབས་པའོ།  ཡང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཀྱང་ [9] <<བླ་མ་མཆོད་པའི་ཆོ་ག>>་ལས། “ རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ། མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི།། ”་ཞེས་རང་ཉིད་གཅིག་པུར་གཅེས་པར་འཛིན་པ་ནི་བདག་ཉིད་རྒུད་པ་ཀུན་གྱི་སྒོ་ཡིན་ཞེས་སྐྱོན་དུ་གསུངས་རྗེས་སུ།  འགྲོ་བ་རྣམས་རང་ཉིད་ཀྱི་མ་རུ་གྱུར་མ་མྱོང་བར་གཅིག་ཀྱང་མེད་པས། དེ་རྣམས་ལ་གཅེས་པ་འཛིན་ནི་རང་ལ་ཡོན་ཏན་ཀུན་ཐོབ་པའི་གཞི་ཡིན་ནོ་ཞེས་ནང་པའི་ཆོས་གཞུང་རང་ནས་ཆོས་ལུགས་དང་འབྲེལ་བའི་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་སྐོར་ནས་བདག་གཞན་མཉམ་པར་བལྟ་དགོས་པ་དང་། བདག་པས་གཞན་གཅེས་དགོས་པ། གལ་ཏེ་དེ་ལྟར་མ་བྱུང་ཚེ་ཉེས་པ་ལྡོག་ཏུ་མེད་པར་གསུངས། གོང་གི་དེ་དག་དང་འདྲ་བའི་སྐྱེས་ཆེན་དག་གི་གསུངས་བགྲང་གིས་མི་ལང་བ་ཞིག་འདུག་ཀྱང་མངས་སུ་དོགས་ནས་མ་བྲིས་སོ།།

3] ཇི་ལྟར་བྱས་ཏེ་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས། 

ད་ནི་ས་བཅད་གསུམ་པ་ཇི་ལྟར་བྱས་ཏེ་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་འདི་ཉིད་ཡིན། འདི་ནི་གཙོ་ཆེ་བ་༸གོང་ས་མཆོག་གི་དགོངས་གཞི་དང་འབྲེལ་བའི་སྟེང་ནས་གླེང་རྒྱུ་ཡིན།དེ་ཡང་ཐོག་མར་༸གོང་ས་མཆོག་གིས་རྒྱལ་བའི་བཀའ་བསྟན་སོགས་དཔང་དུ་བཞག་ནས་དེང་རབས་དང་མཐུན་པའི་ཐོག་ནས་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་སམ། འགྲོ་བ་མི་ལ་གཅིག་གྱུར་གྱི་ལྟ་བ་ཞིག་དང་།  འདུ་ཤེས་ཤིག་སྐྱེ་རྒྱུའི་སྔོན་འགྲོ་སེམས་བསྐྱེད་དེ་ཉིད་ནི།  ཇི་ལྟ་བུ་ཞིག་ཡིན་ཞེ་ན།  དེ་ཡང་ཁོང་གི་[10]འགན་འཁུར་དང་པོ་ལས། “ངོས་རང་མི་གཅིག་ཡིན་པའི་ཆ་ནས་མིའི་བདེ་སྐྱིད་ཅེས་པ་དེ་ལ་གཙོ་བོ་ནང་སེམས་ཀྱི་བདེ་སྐྱིད་གལ་ཆེན་ཡིན་པ་དང་། ནང་སེམས་ཀྱི་བདེ་སྐྱིད་དེ་ཡང་ཆོས་དད་ཡོད་མེད་ལ་མ་ལྟོས་པར། ང་རང་ཚོ་ཆུང་ཆུང་སྐབས་ནས་ཕ་མས་ཇི་ཙམ་བརྩེ་བས་བསྐྱངས་པ་དེ་ཙམ་གྱིས་ཕྲུ་གུའི་སེམས་ལ་དགའ་སྣང་དང་། སྐྱིད་སྣང་ཡོང་གི་ཡོད་པ་ལྟར་བྱམས་བརྩེ་ནི་ང་རང་ཚོར་རང་ཆས་སུ་ཡོད་པ་ཞིག་རེད།   བར་སྐབས་ཤིག་ནས་ཚན་རིག་པ་ཚོས་ཚན་རིག་གི་ཐོག་ནས་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས། བྱམས་བརྩེ་ཞེས་པ་དེ་ལུས་བདེ་པོ་དང་།  ཁྱིམ་ཚང་སྐྱིད་པོ། སྤྱི་ཚོགས་འཆམ་མཐུན་ཡོང་གཞི་བཅས་ཡིན་པར་ངོས་འཛིན་གྱིས་རྒྱབ་སྐྱོར་བྱེད་ཀྱི་འདུག དེར་བརྟེན།  མི་ཞིག་ཡིན་ཕྱིན་ཆད་ལ་མིའི་རྣམ་དཔྱོད་ཀྱི་ནུས་པའི་ཐོག་ནས་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ་དེ་ངས་རིམ་པ་དང་པོ་བྱེད་ཀྱི་ཡོད།”ཅེས་པའི་རྩ་བའི་སེམས་བསྐྱེད་འདི་ལ་ང་ཚོས་ཞིབ་མོ་འཐག་ཅིག་གིས་ཚུལ་དུ་ཅུང་ཙམ་དཔྱད་ན། གསུང་ཚིག་འདི་ནི་གཙོ་བོ་བཟང་སྤྱོད་ཀྱི་སྟེང་ནས་བསམ་པའམ། ཡང་ན་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སྟེང་ནས་གཞིག་དགོས་ཏེ། འགྲོ་བ་མི་ཡི་བདེ་སྐྱིད་ཀྱི་འབྱུང་རྩ་ནི་ནང་སེམས་ཡིན་པ་དང་། ནང་སེམས་ཀྱི་བདེ་སྐྱིད་དེ་ཡང་ཆོས་ལུགས་ལ་དད་མིན་ཙམ་མ་ཡིན་པར་ཆུང་དུས་ཕ་མས་ཕྲུ་གུར་ལྷན་སྐྱེས་ཀྱིས་བརྩེ་བས་བསྐྱངས་སྐབས་ཕྲུའི་སེམས་ལ་དགའ་སྣང་དང་། སྐྱིད་སྣང་ཡོང་གི་ཡོད་པར་ལྟར།  ང་ཚོ་འགྲོ་བ་མི་ལ་ནི་བྱམས་བརྩེ་རང་ཆས་སུ་ཡོད་པ་ཞིག་ཡིན་པས། དེས་སྟོབས་ཀྱིས་ང་ཚོས་བདག་ཉིད་དང་ཐ་དད་པའི་གཞན་ལ་ཡང་བྱམས་པ་དང་བརྩེ་བས་བསྐྱང་དགོས་པ་ནི།  གཞན་ཉིད་བདེ་སྐྱིད་སྐྲུན་པའི་རྒྱུ་མཆོག་ཏུ་གྱུར་པ་ཞིག་བསྟན་པ་ཡིན་ལ། གཞན་ཡང་[11]<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག>>་ལས། “ནང་སེམས་ཀྱི་ཡོན་ཏན་རྣམས་དར་སྤེལ་བཏང་ནས་རང་གི་བློ་སྦྱོང་ཐུབ་ན།ང་ཚོས་ཕྱིའི་རྐྱེན་ངན་ལ་གདོང་ལེན་བྱེད་བདེ་བ་མ་ཟད།  ང་ཚོའི་བྱ་སྤྱོད་ཀྱང་ཡ་རབས་དགེ་སྤྱོད་དུ་འགྱུར་རྒྱུ་རེད།  ངོས་རང་ཉིད་ཀྱི་ཉམས་མྱོང་དཔེ་རུ་བཀོད་ན། འདི་ལྟ་བུའི་བླང་དོར་གྱི་རྣམ་གཞག་གི་བསྟན་དོན་ལྟར། ཀུན་སློང་གཙང་མ་ཞིག་ཡོང་བའི་འབད་བརྩོན་ཁྲོད་ངོས་ཀྱིས་གཞན་ལ་གང་ཐུབ་ཀྱི་ཞབས་ཕྱི་སྒྲུབ་པ་དང་། ད་དུང་རང་གི་བྱ་སྤྱོད་ཀྱི་འདུས་དོན་དགེ་བའི་ངོ་བོར་འགྲོ་བ་ལ་མི་དགེ་བའི་སྤྱོད་པ་འབྱུང་བའི་གོ་སྐབས་ཅི་ཐུབ་ཀྱིས་ཉུང་དུ་གཏོང་གི་ཡོད། ཉམས་ལེན་འདི་ནི་ནུས་པ་ཅན་ཞིག་ཡིན་མིན་དང་། གཞན་གྱི་བདེ་བ་ལ་འཕྲལ་ཕུགས་ཀྱི་ཕན་འབྲས་ཅི་ཞིག་ཡོང་གི་ཡོད་མེད་བཤད་དཀའ་ཡང་། རང་གི་འབད་བརྩོན་རྒྱུན་འཁྱོངས་བྱས་ཚེ།  ཅི་ཞིག་བྱུང་ཡང་རང་ཉིད་འགྱོད་དགོས་པ་གཏན་ནས་མེད་པ་དང་། ཅི་ཐུབ་བྱས་ཡོད་པ་མ་མཐའ་ཡང་སོ་སོས་ཤེས་ཀྱི་ཡོད།” ཅེས་པའི་གསུངས་འདིའི་ནང་སྙིང་ནི། གཞན་ཉིད་ལ་བདེ་སྐྱིད་བསྐྲུན་པར། ཐོག་མར་རང་སེམས་ཀྱི་ཡོན་ཏན་རྣམས་དར་སྤེལ་བཏང་ནས་རང་སེམས་བཙོ་སྦྱོང་གི་ལས་ལ་འབད་ཐུབ་ན་ཕྱི་ཡི་རྐྱེན་ངན་ལ་ཁ་གཏད་གཅོག་བདེ་བ་མ་ཟད། རང་ཉིད་དག་ཐེར་གྱི་ཀུན་སློང་གཙང་མ་དེས་སྟོབས་ཀྱིས་གཞན་ལ་གང་ཐུབ་ཀྱི་ཞབས་ཕྱི་སྒྲུབ་པ་དང་། ད་དུང་རང་གི་བྱ་སྤྱོད་ཀྱི་འདུས་དོན་དགེ་བའི་ངོ་བོར་འགྲོ་བ་ལ་མི་དགེ་བའི་སྤྱོད་པ་འབྱུང་བའི་གོ་སྐབས་ཅི་ཐུབ་ཀྱིས་ཉུང་དུ་གཏོང་ན། ཅི་ཞིག་བྱུང་ནའང་རང་ཉིད་འགྱོད་མི་དགོས་པར་མ་ཟད། གཞན་ཕན་གྱི་ལས་ཅི་ཐུབ་བྱས་ཡོད་པར་མ་མཐའ་ཡང་སོ་སོའི་སེམས་སུ་གསལ་ངེས་ཡིན་ཞེས་པ་དང་། གཞན་ཡང་བདག་ཉིད་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་[12]<<ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིགས་པ>>་ལས། “ ཀུན་ལ་མཐོ་དམན་མེད་པ་ཡིས།།  ཉི་མ་ལྟ་བུའི་ཕན་བྱས་ན།།  ཀུན་གྱིས་ལན་རྣམས་ལྡོན་འགྱུར་ཏེ།།  བྱི་བས་གླང་ཆེན་བསླང་བ་བཞིན།། ” ཞེས་ཀུན་ལ་མཐོ་དམན་དང་ཉེ་རིང་མེད་པའི་ཐོག་ནས་ཉི་མ་ལྟ་བུའི་འགྲོ་བ་རྣམས་ལ་ཕན་བྱས་ན། ཀུན་གྱིས་ལན་རྣམས་ལྡོན་པར་འགྱུར་ཏེ། བྱི་བས་གླང་ཆེན་ལ་དྲིན་འཇལ་བའི་ཕྱིར་དུ་བསླངས་བ་བཞིན་ནོ་ཞེས་འགྲོ་བ་མི་རྣམས་ལ་འདྲ་མཉམ་དུ་ལྟ་བའི་ཐོག་ནས་ཕན་པའི་གྲོགས་བགྱི་ནས་འགྲོ་བ་རྣམས་ལ་བདེ་སྐྱིད་སྐྲུན་རྒྱུ་ནི་གལ་ཆེན་དོན་ཆེན་དུ་བརྩིས་པའོ། ཡང་༸གོང་ས་མཆོག་གི་[13]<<ཆོས་ལུགས་ཀྱི་མཚམས་ལས་འདས་པ>>་ལས། “བདེ་བ་འཚོལ་བ་དང་སྡུག་བསྔལ་དོར་ཐབས་བྱེད་པའི་ཐད།  ང་ཚོ་ཚང་མ་རྩ་བའི་ཆ་ནས་གཅིག་པ་ཡིན་སྟབས། ཚང་མ་འདྲ་མཉམ་ཡིན། འདི་ནི་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན། གལ་སྲིད་གཞི་རྩའི་འགྲོ་བ་མི་ཡི་འདྲ་མཉམ་གྱི་གནས་སྟངས་དེར་བརྩི་མཐོང་ཞིག་སོ་སོའི་རྒྱུན་ལྡན་གྱི་ལྟ་ཚུལ་ཁྲོད་སྒྲིལ་ཐུབ་པ་བྱུང་ན། རྒྱ་ཆེ་ས་ནས་སྤྱི་ཚོགས་ཙམ་མ་ཡིན་པར།  ང་ཚོ་སྒེར་ལའང་ཧ་ལས་པའི་ཕན་ཐོགས་ཆེན་པོ་ཡོང་བར་ངོས་ལ་ཡིད་ཆེས་བརྟན་པོ་ཡོད།  ངོས་ལ་མཚོན་ན།  ངས་མི་དང་ག་དུས་ཐུག་འཕྲད་བྱུང་ཡང་།  ཁོང་ཚོ་སྲིད་འཛིན་ནམ་སྤྲང་པོ།  ཤ་མདོག་ནག་པོའམ་དཀར་པོ།  གཟུགས་རིང་པོའམ་ཐུང་ཐུང་།  ཕྱུག་པོའམ་སྐྱོ་པོ།  རྒྱལ་ཁབ་འདི་དང་དེ། ཆོས་ལུགས་འདི་དང་དེ་སོགས་གང་ནས་ཡིན་མིན་ལ་མ་ལྟོས་པར། ཚང་མ་རང་དང་འདྲ་བར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འབྲེལ་གཏུགས་བྱེད་ཐབས་བྱེད་ཀྱི་ཡོད། ” ཅེས་པའི་ལུང་དོན་འདིའི་ནང་དུ་༸གོང་ས་མཆོག་གིས་ང་ཚོས་རང་ཉིད་དང་ཉེ་བར་གནས་པའི་འགྲོ་བ་མི་རྣམས་ལ་འབྲེལ་འདྲིིས་བྱེད་སྐབས། གཞན་དེ་ཉིད། རྒྱལ་ཁབ་ཀྱི་སྲིད་འཛིན་ནམ། ཡང་ན། སྤྲང་པོ། ཤ་མདོག་ནག་པོའམ་དཀར་པོ། གཟུགས་རིང་པོའམ་ཐུང་ཐུང་།  ཕྱུག་པོའམ་སྐྱོ་བོ། རྒྱལ་ཁབ་འདི་དང་དེ། ཆོས་ལུགས་འདི་དང་དེ་སོགས་ཀྱི་དབྱེ་འབྱེད་མི་བྱེད་པར།  ཁོང་ཅག་སུ་ཞིག་ཡིན་ཡང་འགྲོ་བ་མི་ཡིན་པའི་འདུ་ཤེས་ཀྱི་སྟེང་ནས་འབྲེལ་བ་བྱ་དགོས་པ་དང་། ཕན་ཚུན་འཆམ་མཐུན་བྱེད་དགོས་པ་དང་།  བརྩེ་སེམས་བཅིང་དགོས་པར་གསལ་བཤད་བགྱིས་པ་ཡིན། ཡང་༸གོང་ས་མཆོག་གི་[14]<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག>>་ལས།“འདི་ལྟར་ངོས་ཀྱིས་གླེང་བཞིན་པའི་ཆོས་ཀྱི་གསར་བརྗེ་ནི།  ཆོས་ལུགས་ཀྱི་གསར་བརྗེ་ཞིག་མིན་ལ། འཇིག་རྟེན་གཞན་ཞིག་ལ་ཕྱོགས་པའི་འཚོ་བ་སྐྱེལ་སྟངས་ཤིག་ཀྱང་མིན་ཞིང་། རྫུལ་འཕྲུལ་དང་སྦས་དོན་གྱི་ལམ་ཞིག་དེ་བས་ཀྱང་མིན། འདི་ལས་ལྡོག་སྟེ། ངོས་ཀྱི་གླེང་བཞིན་པའི་གསར་བརྗེ་ནི།  རང་ཉིད་ཁོ་ན་བསམ་པའི་བདག་འཛིན་ཉུང་དུ་བཏང་ནས་རང་ཉིད་དང་འབྲེལ་བའི་མི་ཚོགས་ལས་གྲུབ་པའི་སྤྱི་ཚོགས་ལ་བློ་ཁ་ཕྱོགས་ཏེ། རང་གི་ཀུན་སྤྱོད་ཀྱི་ངོས་ནས་རང་གཞན་གཉིས་ཀའི་བདེ་བ་འདྲ་མཉམ་དུ་ངོས་འཛིན་པའི་འབོད་སྐུལ་ཞིག་ཡིན། ”ཞེས་པའི་གོ་དོན་ནི། རྒྱུན་པར་༸གོང་ས་མཆོག་གི་གསུང་དག་ཏུ་ཐོན་བཞིན་པའི་ཆོས་ཀྱི་གསར་བརྗེ་ཞེས་པའི་ཚིག་འདི་ནི་ཆོས་ལུགས་གསར་བརྗེ་ཞིག་དང་། འཇིག་རྟེན་གཞན་ཞིག་ལ་ཕྱོགས་པའི་འཚོ་བ་སྐྱེལ་སྟངས་ཤིག་དང་། ཡང་ན།  རྫུལ་འཕྲུལ་དང་སྦས་དོན་ཞིག་ཀྱང་མ་ཡིན་པར། དེ་ལས་ལྡོག་སྟེ། ༸ཁོང་ཉིད་ཀྱིས་གསུང་བཞིན་པའི་ཆོས་ཀྱི་གསར་བརྗེ་ནི། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ངོས་ནས་ཞུས་ན་རང་ཉིད་ནས་བསམ་པའི་བདག་འཛིན་དེ་དག་ཉུང་དུ་བཏང་ནས་བདག་ཉིད་དང་ཤ་འདྲེས་ལྤགས་འདྲེས་ཀྱི་མི་ཚོགས་ལས་གྲུབ་པའི་སྤྱི་ཚོགས་འདི་ལ་བློ་ཁ་ཕྱོགས་ཏེ། བདག་ཉིད་ཀྱི་ཀུན་སྤྱོད་ཐད་ནས་བདག་གཞན་གཉིས་ཀའི་བདེ་སྡུག་འདྲ་མཉམ་ཡིན་པའི་ངོས་འཛིན་ཐོགས་གཞན་ལ་བྱམས་པ་དང་བརྩེ་བའི་སྒོ་ནས་ཕན་བདེ་བསྒྲུབ་རྒྱུ་ནི་ཁོང་གིས་འབོད་སྐུལ་ཡིན་ཞེས་གསུངས་པ་ཡིན། ཁོང་གིས་ད་སྐབས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཐད་ནས་རྒྱུན་པར་གསུང་བཞིན་པའི་འགྲོ་བ་མི་ལ་ཇི་ལྟར་བྱས་ཏེ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་ཀྱི་རྩ་བ་ཉག་ཅིག་ཡང་ནས་ཡང་དུ་གསུངས་པ་ནི། བྱམས་བརྩེ་དང་སྙིིང་རྗེ་ཡིན་ཞིང་།  རྒྱུ་མཚན།  བྱམས་བརྩེ་དང་སྙིང་རྗེ་ནི་ཆོས་ལུགས་ཁས་ལེན་མིན་དང་། དད་པ་བྱེད་མིན་ལ་མ་བལྟོས་པར་འགྲོ་བ་མི་གཅིག་གྱུར་གྱི་ཁས་ལེན་པའི་བཟང་སྤྱོད་ཀྱི་འདུ་ཤེས་ཤིག་ཡིན་པས་སོ། དོན་དུ་ང་ཚོས་གནས་ལུགས་འདི་དག་ལ་ཡང་ཡང་གཞིགས་ཏེ་རང་ཉིད་ནས་འགོ་རྩོམ་གྱིན་ལག་ལེན་བསྟར་རྒྱུ་ནི་གནད་ཀྱི་དམ་པ་དེ་ཡིན་ནོ།།

མཇུག་བསྡུ་བའི་གཏམ།

ད་ནི་རྩོམ་ཡིག་འདིའི་མཇུག་རེ་ཞིག་བསྡུ་བར་བྱ་སྟེ། འདི་བྲིས་པའི་བརྒྱུད་རིམ་ནང་དུ་གཙོ་བོར་གྱུར་པ་ནི་གོང་དུ་གསལ་བ་བཞིན་ང་ཚོས་འགྲོ་བ་མི་རྣམས་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་ཞེས་པ་འདི་ཉིད་ཡིན། དེ་ཉིད་ཀྱང་།   བདག་ཉིད་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ངོས་ནས་ནང་ཆོས་ཀྱི་སྙིང་པོ་རུ་གྱུར་པ་ནི་ཐེག་པ་ཆེན་པོའི་སེམས་བསྐྱེད་འདི་ཉིད་འབྲེལ་བ་ཤིན་ཏུ་ཆེ་བའི་གནས་ལུགས་དེ་ལ་བརྟེན་ནས། བཀའ་དང་བསྟན་བཅོས་གཉིས་ཀྱིས་བདག་གཞན་མཉམ་པ་དང་།  བདག་པས་གཞན་གཅེས་ཚུལ་ཇི་ལྟར་བསྟན་པ་ཁ་གསལ་བྲིས་པའི་ཁར། ༸གོང་ས་མཆོག་གིས་དེང་རབས་དང་མཐུན་པའི་ཐོག་ནས་ཆོས་ཀྱི་གསར་བརྗེ་འམ། ཡང་ན། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཐོག་ནས་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་འདུ་ཤེས་ཇི་ལྟར་བསྐྲུན་དགོས་པའི་སྐོར་ནས་ཁོང་གི་གསུང་རྩོམ་གལ་ཆེན་ཁག་ཅིག་དཔང་དུ་བཞག་ནས་བྲིས་ཡོད་པས། འདིས་ཀྱང་འགྲོ་བ་མི་དག་ལ་གཅིག་མཚུངས་སུ་བལྟ་བའི་འདུ་ཤེས་ཡང་དག་ཅིག་སྐྲུན་པར་གྱུར་ཅིག་གུ།།   །།

 

 

[1]  <<ཁྲི་བརྒྱད་སྟོང་པ།>>  མཛད་པ་པོ།  བདག་ཅག་སྟོན་པ། བསྟན་འགྱུར་དཔེ་སྡུར་མ།  སྡེ་ཀ་པ།  པོད་གྲངས་ ༢༩ པ། ཤོག་གྲངས།  ༢༦  པའི་ཡིག་ཕྲེང་གསུམ་པའི་ནང་དུ་གསལ།  ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།  ༢༠༠༧  ལོའི་དཔར་མ།

 

[2]  <<མངོན་རྟོགས་རྒྱན།>> མཛད་པ་པོ།  རྗེ་བཙུན་བྱམས་མགོན།  ཤོག་གྲངས།  ༣  པའི་ངོས་ཀྱི་ཡིག་ཕྲེང་མཐའ་མའི་ནང་གསལ།  འབྲས་སྤུངས་བློ་གསལ་གླིང་དཔེ་མཛོད་ཁང་།  ༢༠༠༣ ལོའི་དཔར་མ།

[3] <<མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ།>> མཛད་པ་པོ། རྒྱ་གར་གྱི་པཎྡི་ཏ་ཆེན་པོ་རཏྣ་ཀྰི་རྟི།  བསྟན་འགྱུར་དཔེ་སྡུར་མ།  ཤེར་ཕྱིན། པོད་ཉ་པ།  ཤོག་གྲངས།  ༡༢༠༤  དབུ་ནས་མར་ཡིག་ཕྲེང་དྲུག་པའི་ངོས་གསལ།  ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།  ༢༠༠༠ ལོའི་དཔར་མ། (མཆན།) རྒྱན་གྱི་འགྲེལ་པ་ལ་མདོ་དང་རྒྱན་སྦྱར་བ་བཅུ་གཉིས་དང་། མ་སྦྱར་བ་དགུ་ཡོད་པ་ལས། ཚིགས་བཅད་འདི་ཉིད་ཀྱི་འགྲེལ་བ་ལ་འདི་ལས་ཡག་པ་ཞིག་མ་མཐོང་བས་ཆེད་དུ་འདི་ཉིད་བདམས་པའོ།།

[4] <<འགྲེལ་པ་གནད་ཀྱི་ཟླ་འོད། >>  མཛད་པ་པོ།  པཎྡི་ཏ་ཆེན་མོ་འཇིགས་མེད་འབྱུང་གནས་སྤས་པ། བསྟན་འགྱུར།  ཤེར་ཕྱིན།  པོད།  ༡༢༣ པ།

[5]  <<བསྒོམ་རིམ་བར་པ།>>  མཛད་པ་པོ།  སློབ་དཔོན་ཀ་མ་ལ་ཤྰི་ལ།  ཤོག་ངོས་༧༥ ཡི་མཇུག་གི་ཡིག་ཕྲེང་མཐའ་མའི་ནང་དུ་གསལ།  བོད་གཞུང་ཤེས་རིག་དཔར་ཁང་།  ༡༩༩༩ ལོའི་དཔར་མ།

[6] <<ཉི་ཁྲི་སྣང་བ།>>  མཛད་པ་པོ།  འཕགས་པ་རྣམ་པ་གྲོལ་སྡེ།  ཤོག་ངོས།  ༧  ཡི་མགོ་ནས་མར་བརྩིས་པའི་ཡིག་ཕྲེང་གསུམ་པའི་ནང་དུ་གསལ།  འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་།  ༢༠༠༨  ལོའི་དཔར་མ།

[7]<<དབུ་མ་རིན་ཆེན་ཕྲེང་བ།>>  མཛད་པ་པོ།  མགོན་པོ་ཀླུ་སྒྲུབ།  ཤོག་ངོས།༡༠༢  ནང་གསལ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧  ལོའི་དཔར་མ།

[8] <<བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ། >> མཛད་པ་པོ།  རྒྱལ་སྲས་ཆེན་པོ་ཞི་བ་ལྷ།  ཤོག་ངོས།  ༦༦ མཇུག་གི་ཡིག་ཕྲེང་གཉིས་པའི་ནས་གསལ།  དགེ་ལུགས་སྨོན་ལམ་ཚོགས་ཆུང་དང་གསུང་ཆོས་སྦྱིན་བདག་ཐུན་མོང་ནས་འགྲེམས་སྤེལ་ཞུས།

[9] <<བླ་མ་མཆོད་པའི་ཆོ་ག།>>  མཛད་པ་པོ།  པཎ་ཆེན་བློ་བཟང་ཆོས་རྒྱན།  གསུངས་འབུམ།  པོད་དང་པོ།  ཤོག་ངོས།  ༥༦༢ མཐའ་ནས་ཡར་བརྩིས་པའི་ཡིག་ཕྲེང་བདུན་པའི་ནང་དུ་གསལ།  ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།  ༢༠༠༩  ལོའི་དཔར་མ།

[10] <<འགན་ཁུར་དང་པོ།>> གསུང་པ་པོ།  ༸རྒྱལ་བ་རིན་པོ་ཆེ།  ཡོང་ཁུངས།  ༸རྒྱལ་བ་རིན་པོ་ཆེའི་དྲྭ་བ།  འགན་ཁུར་དང་པོའི་ཡིག་ཕྲེང་དང་པོ་ནས་གསལ།

[11] <<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག>>  མཛད་པ་པོ།  ༸རྒྱལ་བ་རིན་པོ་ཆེ། སྒྱུར་བ་པོ།  བསྟན་འཛིན་རིག་བཟང་།   ༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་བསྒྲིགས་ཁང་།  ཤོག་གྲངས།  ༤༧  ནས་ཡར་བརྩིས་པའི་ཡིག་ཕྲེང་བཅོ་ལྔ་ནས་གསལ།  ༢༠༡༣  ལོའི་དཔར་མ།

[12]<< ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིགས་པའི་འགྲེལ་པ་ཡ་རབས་དེ་ཉིད་སྣང་བ།>>  རྩ་བ་མཛད་པ་པོ།  དཔལ་མགོན་འཕགས་པ་ཀླུ་སྒྲུབ།  འགྲེལ་བ་མཛད་པ་པོ།  དཔྱི་ས་དྲུང་ཆེན་སྤྲུལ་སྐུ། ཤོག་ངོས།  ༨༥ ཡི་ཡིག་ཕྲེང་ཐ་མའི་ནང་དུ་གསལ།  ༢༠༡༦ ལོར་དཔར་མ།

[13] <<ཆོས་ལུགས་ཀྱི་མཚམས་ལས་འདས་པ། >> མཛད་པ་པོ།  ༸གོང་ས་མཆོག  ཚེ་རིང་ནོར་བུས་དབྱིན་ཡིག་ལས་བསྒྱུར།  ཤོག་གྲངས།  ༥༢ འགོ་ནས་གསལ། བོད་ཀྱི་དཔེ་མཛོད་ཁང་།  ༢༠༡༤ ལོའི་དཔར་མ།  དཔར་ཐེངས་གཉིས་པ།

 

[14] << སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག >> མཛད་པ་པོ།  ༸རྒྱལ་བ་རིན་པོ་ཆེ།  བསྟན་འཛིན་རིག་བཟང་གིས་དབྱིན་ཡིག་ལས་བསྒྱུར།  ཤོག་གྲངས།  ༣༥ ཡི་མཇུག་ནས་ཡར་བརྩིས་པའི་ཡིག་ཕྲེང་དགུ་པའི་ནང་དུ་གསལ། ༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་བསྒྲིགས་ཁང་།  ༢༠༡༣  ལོའི་དཔར་མ།  དཔར་ཐེངས་དང་པོ།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *