སྦྲ་ནག        

རྩོམ་ཡིག་འདི་ཐེངས་ 85 བཀླགས་འདུག

ས་རཱ་མཐོ་སློབ། པདྨ་རྣམ་རྒྱལ།

ཨ་ཕས་བཤད་ན།   སྒོ་ཁྱི་དང་དར་ལྕོག་གིས་སྲུང་བའི་སྦྲ་ནག་དེ་ནི་ལོ་རྒྱུས་ཀྱི་བདེན་པ་རུམ་པའི་མེས་པོ་ཚོའི་རྣམ་ཤེས་རེད་ཟེར།  ཨ་མས་བཤད་ནའང་།  མ་ཎི་ཡིག་དྲུག་གི་དབྱངས་ལ་ཐིམ་པའི་སྦྲ་ནག་དེ་ནི་ཕ་མེས་ཚོའི་ཞལ་ཆེམས་རེད་ཟེར། གང་ལྟར་ཀྱང་རླུང་གིས་བསྐྱོད་པའི་དར་ལྕོག་དེས་ང་ལ་ཆེས་ཐོག་མར་གཞུང་དྲང་རྣམ་དག་གི་སེམས་པ་གནང་ཞིང་།    སྒོ་ཁྱི་ཡིས་ང་ལ་ཐོག་དང་པོར་རང་ཚུགས་་འགྱུར་མེད་ཀྱི་མི་གཞི་བསྐྲུན་པ་ནས་བཟུང་། ང་ནི་སྦྲ་ནག་འདིར་གཅེས་ཤིང་དུངས་བར་གྱུར་ལ།      སྦྲ་ནག་འདི་ཁོ་བོའི་སེམས་ཀྱི་རྟེན་སར་གྱུར།དབྱར་གསུམ་ཆུ་དང་ཆར་བ། དགུན་གསུམ་ཙག་དང་བསེར་བུས་ཅི་ལྟར་གཙེས་ཀྱང་སྦྲ་ནག་ཁོ་ནས་བདག་གི་ཚེ་སྲོག་ལ་གསོན་ཤུགས་དང་དྲོད་ཁོལ་གྱིས་ཁེངས་པར་བྱས།  ལོ་ཟླ་ཇི་འདྲའི་མང་པོ་ཞིག་ཕྱིན་ཡང་སྦྲ་ནག་འདི་མུ་མེད་ཀྱི་རྩྭ་ཐང་དང་གྱེས་མ་མྱོང་ལ། དུས་ཀྱི་འགྱུར་བས་ཅི་ལྟར་བསྣུན་ཀྱང་སྦྲ་ནག་འདིས་སྐྱོ་གདུང་གི་སྨྲེ་ངག་གཅིག་ཀྱང་འདོན་མ་མྱོང་བ་མ་ཟད།      གནའ་ནས་ད་བར་མེས་པོའི་རྣམ་ཤེས་རུམ་ཞིང་ཞལ་ཆེམས་སྐྱོར་གིན་དཔའ་ངར་དང་བརྟན་ཚུགས་ཆེན་པོའི་ཕ་ཡུལ་གྱི་རྩྭ་ཐང་དུ་བཞུགས། སྦྲ་ནག་ལ་ཤེལ་ཁང་དང་ཤིང་ཁང་ལྟ་བུའི་དབྱིབས་བཀོད་ལེགས་པོ་དང་ཅ་དག་ཅིང་ཡིད་འཕྲོག་པའི་ཕྱི་ཡི་མཛེས་པ་མེད་ལ། ས་ཕག་དང་རྡོ་ལས་བྱས་པའི་ཁང་ཆེན་ལྟ་བུའི་བརྗིད་ཉམས་མེད་པའང་བདེན་མོད། སྦྲ་ནག་ལ་ཆག་འཇིག་མེད་ཅིང་ཉེན་ཁའང་མེད་པ་མ་ཟད་བསླུ་བྲིད་དང་གཡོ་སྒྱུའི་དྲི་ཙམ་ཡང་མཆིས་པའི་གོ་སྐབས་དབེན། ཡིན་ཡང་།    ཕ་ཡུལ་གྱི་མི་རྣམས་དུས་རབས་ཡར་རྒྱས་སུ་ཕྱིན་རྗེས་སྦྲ་ནག་ལ་བརྩི་མཐོང་དང་དུང་ཞེན་མེད་པར་གྱུར་ཞིང་།       ལོ་ནས་ལོ་ལ་སྦྲ་ནག་དང་གྱེས་མཁན་ནི་ཇེ་མང་དང་ཇེ་མང་དུ་གྱུར།     ང་ཡང་ཁོ་ཚོ་དང་འདྲ་བར་ནར་སོན་རྗེས་སྦྲ་ནག་དང་གྱེས་ཏེ་ཐོག་བརྩེགས་ཅན་གྱི་ཁང་ཆེན་དང་མཛེས་བཀོད་ལེགས་པའི་གྲོང་ཁྱེར་དུ་གྱར། ཟང་ཟིང་ཆེ་བའི་གྲོང་ཁྱེར་དང་ཆག་འཇིག་གི་ཁང་ཆེན་ནས་ཕྱིར་ཕ་ཡུལ་གྱི་སྦྲ་ནག་ལ་ཕྱིར་མིག་ཅིག་བལྟས་དུས། ད་གཟོད་ངས་གཞི་ནས་སྦྲ་ནག་ལ་མངའ་བའི་ཞི་བདེ་དང་ལྷིང་འཇགས། བདེ་སྐྱིད་དང་དྲོད་ཁོལ་རྟོགས་ཤིང་དྲན་པར་གྱུར་ལ།    གྲང་བསིལ་བསིལ་གྱི་མིག་ཆུ་ཞིག་གིས་གཞི་ནས་སྦྲ་ནག་དང་བྲལ་བ་ནི་བློ་འགྱོད་དང་ངོ་གནོངས་དགོས་པའི་ཕམ་ཁ་ཞིག་ཡིན་པ་ལྷག་ཏུ་རྟོགས་པར་བྱས།   རྒྱུ་མཚན་ནི། སྦྲ་ནག་དང་གྱེས་རྗེས་གྲོང་ཁྱེར་གྱིས་ཁོ་བོའི་རྣམ་དག་སེམས་པ་དེ་སྦགས་ཤིང་།       བརྗིད་ཉམས་དོད་པའི་ཁང་ཆེན་གྱིས་བདག་གི་མི་གཞི་དང་སྒལ་ཚིགས་རྨང་ནས་རྨས་སོང་བས་ལོས་ཡིན།  ད་སྐབས་ང་ལ་ཅི་ཡང་མེད།  ཐ་ན་སྦྲ་ནག་ནས་འཚར་བའི་རང་ཉིད་ཀྱང་མི་འདུག   ད་སྐབས་ངའི་སེམས་སུ་ཕྱིར་སྦྲ་ནག་ཏུ་ལོག་ནས་ཞི་བདེ་དང་ལྷིང་འཇགས་ཀྱི་འཚོ་བར་རོལ་ནས་མེས་པོའི་རྣམ་ཤེས་འཚོལ་ཅིང་ཞལ་ཆེམས་དེ་བས་བསྔོག་པར་འདོད་མོད། ཡིན་ན་ཡང་། ཡོད་ཚད་ཤོར་ཟིན་པའི་ངོ་གདོང་སྐྱ་བོ་འདི་འདྲ་ཞིག་མཐིང་སྨུག་སྦྲ་ནག་ལ་སྟོན་རྒྱུ་ངོ་མ་སེམས་ཀྱིས་མི་བཟོད་པ་ཞིག་རེད།                                                                                                                                           ____ཤར་སྒང་པདྨ་རྣམ་རྒྱལ་གྱིས།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *