མཚམས་སྤྲིན་ལ་འཁྲི་བའི་སེམས་རིས།

རྩོམ་ཡིག་འདི་ཐེངས་ 361 བཀླགས་འདུག

 

ས་རཱ་མཐོ་སློབ།  སྟག་ཚང་རིག་རྒོད།

དབྱར་གྱི་ཆུ་འཛིན་སྟུག་པོར་འཁྲིགས་ཤིང་། ཆར་གྱི་གཟེགས་མ་བར་མེད་དུ་འཐོར་ལ། ལྗང་མདོག་གི་མྱུ་གུ་རྣམས་ཉིན་རེ་བཞིན་སྨིན་ཡོང་བའི་དུས་ཚིགས་དེ་ཡོངས་སུ་རྫོགས་ཟིན། སྐབས་དེ་དུས། གྲང་ངར་བཙན་པོ་ཞིག་ལྷོ་མཐའི་རླུང་དང་འགྲོགས་ནས་ངའི་ཁོར་ཡུག་ཏུ་ལྡང་བྱུང་། ས་གཞི་ཡངས་པོར་ལྗང་མདོག་གི་འབྲས་བུ་སྨིན་ཅིང་། ཞིང་སའི་སྙེ་མ་རྣམས་རླུང་གིས་དལ་གྱིས་སྐྱོད་པ་འདི་ནི། མཚོ་མོའི་རླབས་རིས་དང་ཅི་འདྲའི་མཚུངས་ཨང་།

ཤར་ཕྱོགས་ནས་བག་ཕེབས་པོའི་ངང་བཞད་ཡོང་བའི་ཉི་མ་སེར་པོ། སུས་ཀྱང་བསྒྱུར་དུ་མེད་པའི་ནུབ་ཀྱི་གནམ་སའི་མཐུད་མཚམས་དེར་ཆས་ཀྱིན་གདའ། མཚམས་སྤྲིན་གྱི་མཛེས་པ་ཞིག་བདག་དང་བདག་གི་ཁོར་ཡུག་ལ་སྟོན་ཀྱིན། ཞེན་སེམས་དང་འགྱོད་སེམས་ཤིག་གི་ཉམས་དང་བཅས་ནས་རིམ་གྱིས་ལ་མོའི་ཕ་རོལ་དུ་ནུབ་སོང་། གྲོང་གི་ཁྱི་ལྡོམ་དག་གཅིག་རྗེས་གཅིག་གིས་དེད་ནས། ངུ་ཟུག་ཅིག་གི་འགོ་བརྩམས་སོང་། རིམ་བཞིན་ཡངས་པའི་ས་གཞིའི་ཕང་བར། སྐར་ཚོགས་ལྟར་བཀྲ་བའི་གློག་འོད་ཆེམ་ཆེམ་དུ་མངོན་བྱུང་།

དཔེ་ཁང་དང་ཉལ་ཁང་ཟུང་དུ་བྱས་པའི་ཁང་ཆུང་འདིའི་སྒེའུ་ཁུང་གི་གམ་དེར། ཁེར་རྐྱང་ངས་ཉི་མ་ནུབ་སའི་ཕྱོགས་སུ་རྒྱང་མིག་ལྟ་བཞིན། དངན་པ་སྙོམས་པོ་ཞིག་དལ་གྱིས་འཐེན་དགོས་བྱུང་། ནམ་ཟླ་ནི་འདི་ལྟར་སྐད་ཅིག་ལ་འགྱུར་འགྲོ་ཞིང་། ལོ་ཟླ་ནི་འདི་ལྟར་བསམ་ལོང་དྲན་ལོང་མེད་པར་འདས་འགྲོ། འདས་ཟིན་པའི་ཁེར་རྐྱང་གི་ལོ་ཟླ་དེ་དག་ལ་འདང་རེ་བརྒྱབས་ཚེ། སྐབས་ལ་ལར་མིག་ཆུའི་བཞུར་རྒྱུན་བར་མེད་དུ་འབབ་མྱོང་ལ། སྐབས་ལ་འདྲར་དགོད་སྒྲ་སིང་སིང་ཞིག་གིས་ངའི་ཁོར་ཡུག་ལ་མཛེས་པ་དཔག་མེད་རེ་ཡང་བསྐྲུན་མྱོང་།

ཕ་ས་ཕ་ཡུལ་དང་བྲལ་བའི་ལོ་ཟླ་མོག་པོ་འདི་དག་གི་རིང་དུ།  འབད་པ་དང་ཨུ་ཚུགས་ཀྱིས་རྫོགས་ཤིང་། དཔེ་དེབ་དང་དགེ་རྒན་ལ་བསྟེན་ནས་གསལ་ལ་མི་གསལ་བའི་ཕུགས་འདུན་ཞིག་གི་ཆེད་དུ་ཁྲག་དང་རྔུལ་ཆུ་འདོན་དགོས་བྱུང་ལ། དྲན་གདུང་གི་ན་ཟུག་ཡོད་ཚད་ལ་གདོང་ལེན་བྱེད་དགོས་བྱུང་། ངོ་ཤེས་པ་དང་རྒྱུས་ཡོད་པ་གནམ་དང་ས་ལས་མེད་པའི་འཇིག་རྟེན་ཆུང་ཆུང་འདི་ནས། ངས་ཉིན་ཞག་རེ་རེ་བཞིན་མིག་ཆུའི་ཐིགས་པ་དང་འགྲོགས་ནས་བསྐྱལ་ཅིང་། དཀའ་སྡུག་གི་ན་ཟུག་དང་ལྷན་དུ་རྫོགས་པར་བྱས།

གསལ་ལ་མི་གསལ་བའི་ལམ་ཕྲན་འདི་དང་། དཀར་ནག་གང་ཡིན་མི་ཤེས་པའི་ངའི་ཁོར་ཡུག་འདི་ནས། གངས་ལྗོངས་ནས་ཡོང་བའི་གངས་ཕྲུག་རྣལ་མ་ཞིག་གི་རང་གཤིས་ཡོངས་སུ་འཕྲོགས་ཟིན་ཅིང་། མཁྲེགས་འཛིན་དང་ཞེན་སེམས་ཀྱིས་སྦགས་པའི་ན་ཚོད་ཅིག་སྨིན་པར་བྱས་སོང་། ཁོང་ཁྲོ་དང་། ང་རྒྱལ། ཞེ་སྡང་དང་། འགྲེན་སེམས་ཀྱིས་བསྐྱངས་པའི་ན་ཚོད་ཅིག་རྒྱས་པར་བྱས་སོང་།

དད་པ། ཡིད་ཆེས། ལྷག་བསམ། བློ་དཀར། དྲང་བདེན། འདི་དག་ནི་ཆེས་ཐོག་མའི་ངའི་སེམས་ཁམས་ཀྱི་འཇིག་རྟེན་ན་བཞད་པའི་ཡོན་ཏན་དག་ཡིན་མོད་ཀྱང་། ད་ཆ། དྭངས་གཙང་ལྷད་མེད་ཀྱི་དར་དཀར་ལ་ཚོན་མདོག་སྣ་ཚོགས་ཤིག་བྱུགས་པ་དང་གཉིས་སུ་མེད་པར་གྱུར་སོང་། གནས་ལུགས་མང་པོ་ཞིག་གི་ཐེལ་བརྟོལ་ནས། འགྲན་རྩོད་སྣ་ཚོགས་ཤིག་གི་རྒྱལ་ཁའི་ཁྲོད་ནས། ང་ནི་ང་མ་ཡིན་པའི་སྣང་བ་ཞིག་བྱིན་བྱུང་།

བྲེལ་འཚུབ་ཁྲོད་ཀྱི་མི་ལོ་བཅུ་གཉིས་རྗེས་སུ། དྲིན་ཆེན་མ་ལོའི་དབུ་སྐྲ་དཀར་པོར་གྱུར་ལ། རླབས་ཆེན་གྱི་ཕ་ལོའི་སྐུ་གཟུགས་ཀྱང་རྒུད་ཡོད་པ་མཐོང་བྱུང་། དུས་སྐབས་འདིར། ང་ཕ་ཡུལ་དུ་ལོག་འདོད། ནག་ནོག་གི་འཇིག་རྟེན་འདི་ནས་གཏན་དུ་བྲལ་ན་འདོད་བྱུང་།

སྤྱི་ལོ་༢༠༡༧ཟླ་བ་༩ཚེས་༩དགོང་མོར་བྲིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *