ལྷ་ལྡན་ཞིང་གི་དགའ་མར་སྤྲིངས་པ་གཡའ་དག་དགུང་གི་སྐར་ཚོམ།

རྩོམ་ཡིག་འདི་ཐེངས་ 115 བཀླགས་འདུག

 

ས་རཱ་མཐོ་སློབ། སྟག་ཚང་རིག་རྒོད། 

 

 

ཐོད་ཀྱི་ལྷུན་པོ་རབ་མཛེས་ལྗང་མདོག་གིས་བཀླུབས་ཤིང་།།

ཡངས་པའི་ཁྱོན་དུ་སྣ་ཚོགས་མེ་ཏོག་གིས་རྒྱན་དུས།།

ཆར་གྱི་ཟེགས་མ་འཐོར་བའི་སློབ་གླིང་གི་ཁྱོན་ན།།

བྱ་སྐད་སྙན་མོ་སྒྲོག་པའི་དུས་བཟང་ཞིག་ཤར་བྱུང་།།

 

རྒྱུུན་གཏན་སློབ་ཐུན་བྱ་བ་རིམ་ཅན་དུ་རྫོགས་ཤིང་།།

ཁེར་བུར་ཁང་ཆུང་དབུས་ན་བསམ་གཞིགས་ལ་རེམ་ཚེ།།

གནའ་བོའི་རོལ་དབྱངས་ཤིག་གི་སྟངས་སྟབས་ལ་ཉན་དུས།།

རྒྱང་རིང་མཛའ་མོ་དྲན་པའི་ན་ཟུག་ཅིག་སྐྱེས་བྱུང་།།

དབུགས་ཀྱི་རྒྱུ་བ་འཇམ་པོ་དལ་དལ་གྱིས་གློད་བཞིན།།

དམར་ཆུང་སྙིང་གི་དབུས་ནས་འཛུམ་མདངས་ཤིག་ཤར་ཏེ།།

འདས་སོང་མཛའ་ཞིང་བརྩེ་བའི་ལོ་ཟླ་ལ་གཞིགས་དུས།།

བརྩེ་དུང་བརྩེ་དུང་ཟེར་བའི་ཡང་སྙིང་དེ་རྟོགས་བྱུང་།།

 

ནམ་རྒྱུན་ཡར་འགྲོ་མར་འགྲོའི་བྲེལ་ཟིང་གི་ཁྲོད་ནས།།

ཁྱེད་ཀྱི་གསུང་དབྱངས་སྙན་མོ་ཆད་མེད་དུ་ཉན་ཅིང་།།

དུང་བའི་ཡིག་ཆུང་ཁྲ་མོ་ཁྱེད་ཕྱོགས་སུ་སྤྲིངས་དུས།།

ཕན་ཚུན་བརྗོད་འདས་ཞིང་གི་སྤྲོ་བ་ཞིག་སྐྱེས་ཡོད།།

 

 

སེམས་པ་དྲན་པས་བཀུག་ཅིང་མནོ་བསམ་རེ་བཏང་དུས།།

མི་མེད་དབེན་པའི་གནས་སུ་ཁེར་རྐྱང་ལ་ཆས་ཀྱང་།།

དྲན་པའི་མེ་ལོང་ངོས་ན་ཁྱེད་ཉིད་རང་གསལ་བས།།

ཁོ་བོ་ཁེར་རྐྱང་ཡིན་པའི་སྣང་བ་ཞིག་མ་བྱུང་།།

 

སྐྱིད་སྡུག་ལོ་ཟླ་མང་པོའི་འགྱུར་མེད་ཀྱི་མཛའ་སེམས།།

པདྨ་དཀར་ཆུན་པོ་ཞིག་གི་རང་མདངས་ལས་མཛེས་པ།།

ཕན་ཚུན་སེམས་ངོ་ཤེས་པའི་གཅེས་སེམས་ཀྱི་དབུས་ན།།

དུང་བའི་སྙིང་ཆུང་ཟུང་གི་འཕར་སྟངས་དེ་གཅིག་རེད།།

 

ཁྱོད་ནི་ལྷ་ལྡན་ཞིང་གི་སྐྱིད་ཆུ་ཡི་གམ་ན།།

ཁ་བའི་མེ་ཏོག་ལྟ་བུའི་མཛེས་པ་ཡི་ཏོག་རེད།།

ང་ནི་ནགས་རྫོང་སྟུག་པའི་རྒྱ་གྲོང་གི་དབུས་སུ།།

སེམས་པ་སེམས་ཀྱིས་ཚོར་བའི་སྤྲོ་སྣང་གི་མྱོས་ཡོད།།

 

སྔོན་བསགས་ལས་ཀྱི་རླུང་བུས་རྒྱང་རིང་དུ་དེད་ཀྱང་།།

ཞེན་སེམས་ཟླ་བ་གསར་པ་ཁྱེད་ཕྱོགས་སུ་འཕྲོས་ཡོད།།

བཟང་པོའི་ལས་ཀྱི་རྣམ་པར་སྨིན་དུས་ཤིག་མཆིས་ཚེ།།

མཇལ་འཕྲད་སྐལ་བཟང་འོད་སྣང་ལྷ་ལྡན་ནས་འཕྲོས་ཆོག །

 

ཕྱི་རོལ་ཆར་ཞོད་ད་དུང་རྫོགས་མཐའ་ཞིག་མི་འདུག །

ལྗོན་པའི་འདབ་མ་ལྷབ་ལྷུབ་བར་སྣང་ལ་སྐྱོད་ཀྱིན།།

རླུང་བུའི་འགྲོས་དང་བསྟུན་ནས་གར་སྟབས་ལ་རོལ་དུས།།

ལྡབ་ལྡིབ་ངག་གི་སྒོ་མོ་དལ་དལ་དུ་ཕྱེས་ཚེ།།

 

ལྷ་སའི་བར་སྐོར་ཞེས་པའི་གླུ་དབྱངས་དེ་ལེན་ཞོར།།

དཀར་གཙང་ཤོག་བུའི་ངོས་སུ་དྲན་གདུང་གི་རི་མོ།།

སྐྱིད་ཆུ་སྔོན་མོ་བཞིན་དུ་ཆད་མེད་ལ་འབབ་པ།།

སྔ་མོ་སྔ་མོ་ཞིག་ནས་གོམས་འདྲིས་སུ་གྱུར་འདུག །

 

ངེད་གཉིས་ཆུང་ནས་འདྲིས་པའི་ཆུང་གྲོགས་ཤིག་མིན་རུང་།།

སྔོན་གྱི་ལས་དབང་བཟང་པོའི་རྣམ་སྨིན་ལས་མཇལ་ཅིང་།།

འཕན་ཚུན་གཏན་དུ་གཅེས་པའི་འགྱུར་མེད་ཀྱི་རང་གཤིས།།

གཏན་འགྲོགས་ལས་དབང་ཞིག་གི་སྔ་ལྟས་སུ་འདོད་ཡོད།།

 

མི་ཚོགས་འདུ་བ་རྒོད་པའི་ལྷ་ལྡན་གྱི་ཞིང་ན།།

ཇོ་བོའི་བྱིན་རླབས་འཇུག་པའི་སེམས་སོང་གི་མཛའ་མོ།།

གཡོ་རྒྱུ་ཁྲམ་གསུམ་མེད་པའི་དྭངས་གཙང་གི་དགའ་མ།།

སྒྲོལ་མ་དཀར་མོའི་རྒྱུད་ལྡན་འཁྱམ་པོ་ངའི་བརྩེ་གྲོགས།།

 

འཇིག་རྟེན་འཁོར་བའི་ངོ་གདོང་དཀར་ནག་ལ་མ་བལྟས།།

གཞན་ཟེར་གཏམ་གྱི་རྗེས་སུ་གཡམ་རྒྱུགས་དེ་མ་གནང་།།

སེམས་པ་སེམས་ཀྱིས་ཚོར་བའི་རེ་སྒུག་གི་མཐའ་མར།།

མཇལ་འཕྲད་སྨོན་ལམ་འབུམ་ཕྲག་འཕགས་ཡུལ་ནས་བཏབ་ཡོད།།

སྤྱི་ལོ་༢༠༡༦ཟླ་བ་༧ཚེས་༡༤ཉིན་རྒྱང་རིང་ལྷ་ལྡན་ཞིང་ན་བཞུགས་པའི་སྙིང་ཉེ་མ་ཞིག་ལ་སེམས་གཏམ་སྲོང་པོར་སྤྲིངས་པའོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *