རླུང་རྟ།

རྩོམ་ཡིག་འདི་ཐེངས་ 1243 བཀླགས་འདུག

                                           ས་རཱ་མཐོ་སློབ། ཤར་སྒང་པདྨ་རྣམ་རྒྱལ།

 

ང་རང་ཆུང་དུས་ན་མཉམ་གྱི་བྱིས་པ་ཚོ་དང་ལྷན་དུ་བསང་ཁྲིའི་མཐའ་འཁོར་གྱི་རླུང་རྟ་བསྒྲུགས་ཤིང་། དབྱུག་ཐུར་རེར་ཞོན་ཏེ་ལབ་རྩེ་བསྟོད་ཁུལ་བྱས་ནས་རྩེད་རྒྱུར་ཧ་ཅང་དགའ་ལ། དེ་ནི་བྱིས་དུས་ཀྱི་རྩེད་མོའི་ཆ་ཤས་གལ་ཆེན་ཞིག་དང་ནར་སོན་པར་རྔམ་པའི་རེ་སྙེག་ཅིག་ཀྱང་ཡིན། ཕ་ཡུལ་གྱི་བྱིས་པ་ཚོར་མཚོན་ན་ཆེས་ཆེ་བའི་ཕུགས་བསམ་དང་འདུན་མ་ཞིག་ཡོད་པ་ནི་ཁོ་རང་ཚོ་ཡང་ནར་སོན་ནས་མི་རྒན་པ་ཚོ་བཞིན་དུ་རྟ་ལ་ཞོན་ཏེ་ལབ་རྩེ་བསྟོད་རྒྱུ་དང་རླུང་རྟ་སྤུར་རྒྱུ་དེ་ཡིན་ལ། དེ་ལྟར་བྱེད་པ་ནི་རང་ཉིད་སྐྱེས་ཕོ་རབ་ཅིག་ཏུ་འགྱུར་བའི་རྟགས་མཚན་འབའ་ཞིག་ཏུའང་སེམས།

དུས་ཚོད་དེ་ནི་དབྱར་སྟག་ཟླའི་དུས་ཏེ། མེ་ཏོག་སེར་ཆེན་གྱི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་ཞིང་། འདོ་རིག་རྟ་ཕོའི་འཚེར་སྐད་ལྷང་ལྷང་དུ་སྙན་པའི་དབྱར་ཟླ་ལྔ་བའི་ཟླ་མགོ་རེད་ལ། ཟླ་འདིའི་ཚེས་བཅུ་གསུམ་ནི་སྟག་ཟླའི་ལབ་རྩེ་དུས་ཆེན་རེད། ང་ཚོའི་ཕ་ཡུལ་ལ་མཚོན་ན་དུས་ཆེན་འདི་ནི་ཕོ་གསར་ཚོའི་སེམས་ཁོང་ན་ཆེས་བརྗེད་དུ་མེད་ལ་རང་ཉིད་ཀྱི་མི་ཚེའི་ཁྲོད་རང་ཉིད་ནར་སོན་པའི་དན་རྟགས་ཀྱི་རྡོ་རིང་ཞིག་ཀྱང་ཡིན། དེ་ལྟར་ལོས་ཡིན། ཕ་ཡུལ་གྱི་ཕོ་གསར་ཞིག་ལ་མཚོན་ན་སྟག་ཟླའི་ལབ་རྩེ་དུས་སྟོན་ནི། སྟག་ཤ་རའི་དཔའ་རྩལ་ངོམས་ས་དང་རྟ་འདོ་བའི་རྒྱུགས་ལག་འགྲན་ས་ཞིག་ཡིན།  དུས་ཆེན་འདིའི་བྱེད་སྒོ་གཙོ་བོ་ནི།  ཁྱིམ་ཚང་གི་བུ་ཆུང་རྣམས་ལོ་ན་བཅུ་གསུམ་ལོན་ཚེ་ངེས་པར་དུས་སྟོན་འདིར་འཁྲིད་ནས་ལབ་རྩེ་བསྟོད་དུ་འཇུག་གིན་ཡོད་ལ་དེར་ཁ་རྒྱུན་དུ་བཤད་སྲོལ་ལ་ཁ་ཕབ་ཟེར། (བཙན་པོའི་ལོ་རྒྱུས་སུ་རྟའི་ཆིབས་ཁ་བཀྱགས་པ་ཞེས་པ་དེ་དང་འདྲ་བར་སེམས་) དུས་སྟོན་འདི་ལོ་རེའི་ཁྱིམ་ཚང་སོ་སོའི་ལོ་བཅུ་གསུམ་ཅན་གྱི་བྱིས་པ་ཚོའི་ཆེད་དུ་ཡིན་པ་དང་། བྱིས་པ་ཚོ་གཙོ་བོ་བྱས་ནས་འཁྲིད་ཡོང་གིན་ཡོད་ལ། དེར་མ་ཟད་ཁྱིམ་ཚང་སོ་སོའི་སྐྱེས་པ་ཚང་མ་དུས་སྟོན་འདིར་ཡོང་གིན་ཡོད། བྱིས་པ་རྣམས་ཁ་ཕབ་དུ་འཁྲིད་པར་ལུག་ཤ་གཅིག་དང་ཞུན་ལྔ། གོ་རེ་ད་ལེན་གསུམ་བཅས་ངེས་པར་དགོས།

རེ་སྒུག་གི་ཚེས་བཅུ་གསུམ་གྱི་སྔ་ཉིན་ཨ་མས་གོ་རེ་བསྲེགས་པ་དང་ཞུན་བླུགས་པ་སོགས་ང་ལབ་རྩེ་ལ་འགྲོ་རྒྱུའི་སྔོན་འགྲོའི་སྟ་གོན་ཚང་མ་བྱས་ཤིང་། ཨ་ཕས་ཀྱང་རླུང་རྟ་སྒམ་གཅིག་ཉོས་ནས་ངའི་ཡིད་ཀྱི་རེ་བའི་ཞིང་ས་གཤིན་པོར་བྱས། རླུང་རྟ་སྤུར་བར་བྲེལ་ཞིང་ལབ་རྩེ་བསྟོད་རྒྱུར་རེ་བའི་བྱིས་པ་ངས་ཨ་མས་ད་ལེན་གསར་པར་བླུགས་པའི་གོ་རེ་དང་ཞུན། ཨ་ཕས་སྒ་སྲབ་གསར་བ་དང་རླུང་རྟ་མཉམ་དུ་བཤམས་པའི་རྔམ་བརྗིད་ཀྱི་ལེགས་སྐྱེས་ལ་ཉི་མ་ཤར་ནས་ནུབ་དུ་བཞུད་པའི་བར་ཐེངས་བཞི་བཅུ་ལྔ་བཅུ་ཙམ་བལྟས་ཤིང་། དེ་དག་མཐོང་གིན་སེམས་སུ་སྐྱེས་འདི་དག་གི་གཟི་བརྗིད་དང་དཔང་མཐོ་དྲག་ནས་དེ་རིང་གི་ཉི་མ་ཡང་ཟིལ་གྱིས་མནན་ཅིང་འགུལ་སྐྱོད་མ་ནུས་པར་བཞུགས་པའི་སྣང་བ་བྱིན།

ཚེས་བཅུ་གསུམ་གྱི་ཐོ་རེངས་སྐར་མདའ་བཏང་བ་དང་མཉམ་དུ་ཨ་མས་ང་རང་མལ་ལས་དཀྲོགས་ཤིང་གཟབ་ཆས་ལེགས་པོར་སྤྲས། ཨ་ཕས་རྟ་ལ་སྒ་བསྟད་དེ་ཡོད་ཚད་གྲ་སྒྲིག་བྱས་ཚར་། ཨ་ལ་ལ། ཨ་ཕས་ང་ལ་ཆེད་དུ་བཀོད་སྒྲིག་བྱས་པ་ནི་ངེད་ཚང་གི་རྟ་ཁྱུའི་མགོ་མ་སྟེ། ཨ་ཕས་རང་གི་སྲོག་ལྟར་གཅེས་པའི་རྒྱུགས་རྟ་གྱོ་ཕྲུག་རེད། ང་ནི་དགའ་སྤྲོས་རབ་ཏུ་སྨྱོས་སོང་། དེ་ལྟར་ཡིན་པ་ཅིའི་མི་སྲིད། དེ་རིང་ནི་ངས་རང་གི་བྱིས་དུས་ཀྱི་རྨི་ལམ་མངོན་གྱུར་བྱེད་པའི་དུས་བཟང་ཉིན་བཟང་རེད་ལ། ཕུགས་བསམ་གྱི་རི་བོ་རྒལ་བྱེད་ཀྱང་སྒ་སྲབ་གོས་ཀྱི་གཡང་དར་དང་བཅས་པས་བརྒྱན་པའི་གྱི་ལིང་རྨ་བྱ་འདྲ་བོ་འདི་རེད།

དེ་ལྟར་སྐྱ་རེངས་བུ་མོས་མཚམས་སྤྲིན་གྱི་ཁ་བཏགས་ཕྱག་གིས་བཏེགས་ནས་ང་རང་ནར་སོན་པར་ཐོག་མའི་ལེགས་སྐྱེས་ཕུལ་ཞིང་། སྦྲ་གུར་གྱིས་ཞོགས་གསར་བསུ་བའི་དུ་བའི་འཇའ་རིས་ཕུབ་པ་དང་ལྷན་དུ། ང་དང་ཨ་ཕ་ལམ་ལ་ཆས་། རུ་སྣེ་བརྒལ་མ་ཐག་ཏུ་ཆུ་ལེན་བུ་མོ་འགས་ཞོགས་ཆུ་ཁུར་ནས་ཡོང་བ་དང་ཁ་ཐུག་ཅིང་། དེ་དག་གིས་ངའི་གཟབ་མཆོར་དང་གྱོ་ཕྲུག་འདོ་བའི་གོམས་འགྲོས་མཐོང་བ་ཙམ་གྱིས་ང་དེ་རིང་ཁ་ཕབ་ཏུ་འགྲོ་བཞིན་ཡོད་པ་ཤེས་ཏེ། གློ་བུར་དུ་ཆུ་ཟོམ་རྣམས་ཐང་ལ་བཞག་ནས་བཀྲ་ཤིས་རྟེན་འབྲེལ་གྱི་མཆོད་ཆུ་འཕངས་ཤིང་ཚང་མས་བཀྲ་ཤིས་ཀྱི་ཁ་གཡང་བོས། ངས་ད་བར་དུ་ཨ་ཕའི་གདོང་ན་འདི་འདྲའི་འཛུམ་མདངས་དང་དགའ་སྣང་ཞིག་མཐོང་མྱོང་མེད། དེ་ནི་རང་གི་བུའི་བཀྲ་ཤིས་ཉིན་མོ་ལ་རྟེན་འབྲེལ་གྱི་ཐོག་མ་ལེགས་པས་ཡིན་པ་ཁོ་ཐག་རེད་ལ། འདི་ནི་ཨ་ཕས་རང་གི་བུ་ལ་བཅངས་བའི་བརྩེ་བ་དྲོན་པོ་དེའང་ལོས་ཡིན། ཡིན་ན་ཡང་། ཡ་མཚན་པ་ཞིག་ལ་ང་ཐོག་དང་པོ་སློབ་གྲྭར་ཞུགས་དུས་ཨ་ཕའི་སེམས་ན་འདི་འདྲའི་དགའ་སྣང་ཞིག་ཡོད་པ་ཚོར་མ་སོང་། དེ་ནི་ཕལ་ཆེར་རུ་སྡེ་བ་འདིའི་སེམས་ཀྱི་མཛེས་པ་དང་མི་ཚེའི་ཁ་ཕྱོགས་ཀྱང་ཡིན་པ་འདྲ།

ངེད་གཉིས་ཀྱིས་འདོ་རིག་རྟ་ཕོ་ལྕག་གིས་སྐུལ་བཞིན་སྤྲོ་བ་དང་ལྷན་དུ་སྐྱེས་ལྷ་ལྷ་རི་དཀར་པོའི་ཕྱོགས་སུ་བསྙེགས། རྟ་ཕོས་གོམ་ལག་རེ་རེ་ལངས་པ་དང་བདག་གི་སེམས་ནི་རླུང་རྟ་དང་ཐག་ཇེ་ཉེ་ཇེ་ཉེར་ཕྱིན། རྩྭ་མགོའི་ཟིལ་བ་འཛུམ་ཞིང་ཤར་རིའི་ཉི་ཟེར་ཐོད་ལ་བབས་པ་དང་། ཨ་ཕ་ངེད་གཉིས་སྐེད་པ་རྒྱ་རྫོང་ནགས་དང་རྩེ་མོ་བྲག་དཀར་གནམ་ལ་ཟུག་འདྲའི་ལྷ་རིའི་རྩེར་འབྱོར་ཞིང་། ལབ་རྩེའི་མགོར་ངེད་གཉིས་ཀྱི་སྔོན་ལ་མི་བཅུ་ལྷག་འབྱོར་འདུག་ལ། ཁོ་ཚོ་ཁ་ཤས་ཀྱིས་ཤིང་དང་ཤུག་པས་བསང་ཁྲི་རྒྱག་གིན་འདུག་ལ་འགའ་རེས་དར་ལྕོག་གི་དར་རྡང་འཐེན་ཞིང་བྲེལ། སེམས་པ་རྣམ་རྟོག་གི་གྲུབ་པས་སམ་ཡང་ན་སེམས་ཀྱི་རེ་འདུན་གང་གིས་ཡིན་པ་ཆ་མ་འཚལ་ཡང་། གང་ལྟར་ལྷ་རི་དཀར་པོའི་རྩེར་སླེབས་པ་དང་མཐའ་འཁོར་གྱི་རླུང་རྟ་རྣམས་བསིལ་འཇམ་རླུང་བུ་དང་བསྡེབས་ཏེ་བར་སྣང་དུ་ཅི་དགར་གཡེང་ཞིང་འཕུར་བ་ནི་ང་ལ་འཚམས་འདྲིའི་བྲོ་གར་འཁྲབ་པ་དང་འདྲ་ལ། རླུང་གིས་ལྷབ་ལྷུབ་ཏུ་སྐྱོད་པའི་དར་ལྕོག་ཡང་ཡུལ་ལྷ་གཞི་བདག་གིས་ང་ལ་དགའ་སྤྲོའི་ཐལ་མོ་རྡེབ་པ་དང་གཉིས་སུ་མ་མཆིས། ད་དུང་དེའི་ག་ལ་ཚད། མཐོ་ཞིང་བརྗིད་ལ་རྒྱ་ཆེ་བའི་བསང་ཁྲི་མཐོང་བ་དང་། བསམ་པའི་སྣང་ངོར་རང་དབང་མེད་པར་ངའི་ཕ་མེས་ཡང་མེས་ཇི་འདྲའི་མང་པོ་ཞིག་ཀྱང་བསང་ཁྲི་འདིའི་མདུན་དུ་སླེབས་མྱོང་བ་དང་། ཁོ་ཚོ་ཡང་ང་བཞིན་དུ་བསང་ཁྲི་འདིའི་མདུན་ནས་ནར་སོན་ཅིང་སྐྱེས་ཕོ་རབ་ཅིག་ཏུ་གྱུར་བའི་སྣང་བ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས་བྱུང་ལ། ཨ་ཕས་ནམ་རྒྱུན་“གཅེས་ཕྲུག བུ་རྟ་དམག་ལ་འགྲོ་དགོས་པ་དང་སྨན་བུ་མོ་གནས་ལ་འགྲོ་དགོས་”ཞེས་ཡང་ཡང་ཟློ་བའི་སྐད་ཆ་དེའང་ཡིད་ལ་ལྷང་ངེར་ཤར་བྱུང་།

ཅུང་མ་འགོར་བར་སྡེ་བའི་སྐྱེས་པ་རྒན་གཞོན་ཚོས་མདའ་དང་དར་ལྕོག་བཟུང་ཞིང་། རི་འདབས་ནས་རུ་བསྒྲིགས་ཏེ་རི་ལམ་ནས་རི་རྩེར་འཛེག་འོང་བ་ནི། ནམ་རྒྱུན་ཨ་མྱེས་བཤད་པའི་གེ་སར་རྒྱལ་པོའི་རྟ་དམག་གཡུལ་ལ་ཆས་པའི་ངང་ཚུལ་དྲན་པར་བྱེད་པའི་ཇི་འདྲའི་སྣང་བརྙན་གསོན་པོ་ཞིག རེ་ཞིག་ངའི་སེམས་པ་ནི་རྒོད་པོ་གཤོག་ཐོགས་ཤིག་དང་འདྲ་བར་དྲན་མེད་དབང་མེད་དུ་ཨ་མྱེ་ཡི་གནའ་གཏམ་ལ་འཇུས་ཏེ་གེ་སར་རྒྱལ་པོའི་རྟ་དམག་ལ་ཞུགས། ངོ་མ་དགོད་བྲོ་བ་ཞིག་རེད་ཨང་། སྐབས་དེར་ངའི་སྣང་བར་ང་རང་ཡང་གེ་སར་གྱི་རྟ་དམག་ལ་ཞུགས་ཤིང་ཧོར་གླིང་གཡུལ་འགྱེད་ལ་ཆས་བཞིན་པའི་སྟོང་སེམས་འཁོར། དུས་ཡུན་རིང་པོ་མ་སོང་པར་ཚང་མ་རི་མགོར་འབྱོར་ཞིང་། གྲྭ་བ་ཞིག་གིས་བསང་གསོལ་འགོ་བཟུང་བ་དང་མི་རྒན་པ་ཚོས་གཅིག་ལ་གཅིག་འགྲན་གྱིས་བསང་འབོད་བྱས། ཁོ་ཚོའི་ཁ་ན་བསང་འབོད་ནི་ཆུ་བཞུར་བཞུར་རེད་འདུག ངས་རླུང་རྟ་སྤར་མོ་སྤར་མོ་བྱས་ཏེ་སྤུར་ཞིང་བྱིས་དུས་ཀྱི་ངང་སྒུག་དང་འདུན་མ་ཡོད་ཚད་རེ་རེ་བཞིན་རླུང་རྟ་དང་ལྷན་དུ་སེམས་ཀྱི་གཏིང་རིམ་ནས་སྔོ་ཞིང་སངས་བའི་མཁའི་དབྱིངས་སུ་སྤུར།

དུས་དེ་ནས་བཟུང་ངའི་སེམས་སུ་དེ་རིང་ནས་རང་ཉིད་འདི་ལྟར་ནར་སོན་པ་རེད་ལ་བྱིས་པའི་རྩེ་ར་ནས་ཀྱང་བརྒལ་བ་རེད་བསམས་པ་དང་། དྲན་པའི་ཞབས་ནས་མི་ཞིག་ནར་སོན་པར་ལབ་རྩེ་བསྟོད་དགོས་པ་དང་རླུང་རྟ་ངེས་པར་སྤུར་དགོས་པ་ཡིན་ནམ་སྙམ་ཞིང་། རླུང་རྟ་སྤུར་བ་དང་ལབ་རྩེ་བསྟོད་པས་ངས་རང་གི་མི་ཚེའི་ཁ་ཕྱོགས་རྙེད་སོང་བ་ཡིན་ནམ་སྙམ་པའི་དྲི་བ་ཞིག་ཀྱང་ཤུགས་ཀྱིས་འབུས་སོ། །

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *