མི་སེམས་ཀྱི་འཇིགས་སྐྲག

རྩོམ་ཡིག་འདི་ཐེངས་ 1147 བཀླགས་འདུག

 

ས་རཱ་མཐོ་སློབ། པདྨ་བསྟན་འཛིན། (གཡང་གཟི་མིག)

འཇིག་རྟེན་སྲིད་པའི་ཡ་ཐོད་ནས་བཟུང་འགྲོ་བ་མི་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་གནས་ཤིག་དང་། ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ལ་ཕུགས་རེ་བཅོལ་ནས་རྩོད་སྒྲུབ་དང་དཀའ་ཐུབ་ཀྱི་འཁོར་ལོ་བསྐོར་ཏེ་ད་ལྟའི་འཐུས་སྒོ་ཚང་བའི་འཛམ་གླིང་འདི་བསྐྲུན་ཡོད་ནའང་། དེ་ནི་འཛམ་གླིང་གི་ཕྱིའི་གཟུགས་ཀྱི་ཆ་རྐྱེན་དེ་སྟབས་བདེ་ཞིང་སྣ་འཛོམས་པ་ཤིག་འགྱུར་ཡོད་པ་ཁོ་ན་ལས་ནང་བསམ་མནོའི་གཡོ་སྒྱུ་ཁྲམ་གསུམ་ཀྱི་སྦྱོར་བ་ངན་པའི་འགོས་ནད་དེ་ད་དུང་དྲགས་སྐྱེད་དུ་གཏོང་ཐུབ་མེད་པ་རེད། དེར་བརྟེན་འཇིག་རྟེན་གྱི་མིའི་རིགས་ཀྱི་ཀུན་སྤྱོད་ཀྱི་ཚད་ཐིག་ཀླད་ཀོར་དུ་ཟགས་ནས་ཆུང་ཆུང་དང་ནུས་མེད་རྣམས་ཆེན་པོ་དང་སྟོབས་ལྡན་དག་གི་རྩེད་ཆས་ཆགས་ཏེ་ཚེ་སྲོག་སོགས་ལག་རྩེད་རྩེ་བཞིན་ཡོད། གལ་ཏེ་ཆེན་པོ་དང་སྟོབས་ལྡན་རྣམས་ཀྱིས་ཆུང་ཆུང་དང་ནུས་མེད་རྣམས་ལ་འགྲིག་མཐུན་གྱི་རུམ་ཁ་བཟེད་ནས་གུ་ཡངས་ཀྱི་ལྟ་སྟངས་ཤིག་འཛིན་ཡོད་ཚེ། ད་གཟོད་མིའི་རིགས་འདི་མཉམ་གནས་དང་འཆམ་མཐུན་གྱི་གསེར་ཟམ་བཙུགས་ནས་དགའ་སྐྱིད་དགུང་དང་མཉམ་པའི་འཚོ་གནས་ལ་རོལ་གྱིན་ཡོད་པ་གདོན་མི་ཟ། རེད་དེ་ཁོང་ཚོ་དག་ནི་བདག་འཛིན་དང་སྒེར་སེམས་གྱིས་དབང་དུ་སོང་གཤིས། འགྲིག་མཐུན་དང་མཉམ་གནས་ཀྱི་ལྟ་བ་རྣ་རྒྱབ་ཀྱི་རླུང་ལ་བསྐུར་ནས་མིའི་རང་དབང་དང་ཚེ་སྲོག་རྡོག་རོལ་དུ་བཏང་སྟེ་དྲུངས་ནས་འཇོམས་ཀྱི་ཡོད། དེའི་སྟབས་ཀྱིས་གཉོད་ཆུང་དང་དབུལ་ཕོངས་ནི་ནམ་ཡང་བྲན་གཡོག་ནང་གི་བྲན་གཡོག་ཏུ་འགྱུར་སོང་བ་ན། ཆུང་ཆུང་དང་ནུས་མེད་ཚོགས་ཀྱིས་སྡུག་གྱོང་དང་གཉའ་གནོན་རིང་དུ་བསྲན་མ་ཐུབ་པར་སྲོག་དང་བསྡོས་ཏེ། རྒོལ་ལན་གྱིས་དྲག་སྤྱོད་སྤེལ་ནས་མི་གསོད་ཀྱི་གྱོད་ཁ་བསླངས་ཏེ་འཛམ་གླིང་ཐོག་མཚམས་མི་ཆད་པའི་འཁྲུགས་རྩོད་ཀྱི་འདུ་ལོང་ཞིག་འཚུབ་ཏུ་བཅུག་སྟབས། དེས་མི་ཡི་བཟང་སྤྱོད་ཀྱི་བསམ་མནོ་ལ་དོ་ཕོག་བྱུང་ནས་འཇིག་རྟེན་གྱི་འཚོ་བ་ལ་བྱུར་གོད་ཐེབས་འགོ་ཚུགས་པ་རེད།

འཕྲུལ་རླབས་ཀྱི་འགྱུར་ཚད་མྱུར་ཞིང་བཟོ་སྐྲུན་གྱི་འཕེལ་ཁ་ཆེ་བའི་དེང་སང་། རིག་ཤེས་ཀྱི་བློ་མིག་ལ་དྲང་བདེན་གྱི་དཔའ་དམ་བཏགས་ཏེ་མི་གཤིས་གསོང་བོ་ཞིག་གི་སེམས་པ་ཁྱེར་ནས། སྤྱི་ཚོགས་ཀྱི་དམའ་རིམ་མི་སྣའི་དགོས་མཁོ་ལ་བསམ་གཞིགས་དང་བློས་གཏོང་གིབྱ་བ་སྒྲུབ་མཁན་ནི་ཤིན་ཏུ་དཀོན་པའི་ཁྲོད་ནས་རེ་ཟུང་ཞིག་ལས་ལུས་མི་འདུག  གཟུགས་ཁམས་ཀྱི་རྩ་ལམ་ནས་དུག་ཁྲག་བཞུར་ཞིང་མི་གཞི་ཡི་སེམས་ཁམས་ལ་མུག་ནད་འཕོག་པའི་ཡོན་ཏན་ཅན་ཡིན་མདོག་སྟོན་མཁན་དང་གཡོ་སྒྱུ་ལས་བྱུང་བའི་ཨ་སྒོར་ཡོ་སྒོར་ཐེར་འབུམ་གྱི་བདག་པོ་དག་གིས་ཉི་མ་ཤར་ཚད་ལ། སྤྱི་ཚོགས་ཀྱི་ཕན་བདེ་དང་འགྲོ་བའི་ཞི་བདེ་ཁ་ལ་ཁུར་ནས་འཛམ་གླིང་གི་མཐོ་ས་ནས་མིའི་རིགས་སྤྱི་ལ་བྱམས་བརྩེ་ཡི་ལག་པ་སྲིང་བའི་གཏམ་བཤད་སྦོམ་པོ་ཤག་སྟག་བྱེད་ཀྱི་ཡོད་ཀྱང་། དོན་དམ་གྱིས་དེ་ཚོ་ནི་པར་ཁུང་གི་དྲ་མིག་ནང་དུ་འཁྲབ་སྟོན་བྱེད་མཁན་ཞིག་ལས་འདས་མེད། ཁོང་ཚོ་ཡིས་རང་གི་དཔལ་འབྱོར་གྱི་ནོམ་པ་ཕོན་ཆེ་ཞིག་མི་གསོད་བྱེད་དང་མེ་རྒྱག་སྤྱད། ཇག་རྒྱག་བྱེད་དང་བཙན་གཡེམ་བྱེད་སྤྱད། གཡོ་ཟོལ་འཁྲབ་སྤྱད་དང་རྐུ་རྫུན་ཤོད་སྤྱད་སོགས་ལ་ལྐོག་ལྐོག་ནས་བསྐུལ་ཞིང་། མངོན་མངོན་ལ་སྤྲོད་ཀྱི་ཡོད་པས། ཁ་རྩང་ཨབ་སྒང་ལ་ཅིག་ཅིག་གིས་འབར་གས་གྱི་དོན་རྐྱེན་བསླངས་སོང་། དེ་རིང་སི་རཱི་ཡ་ལ་ཉིག་ཉིག་གིས་མི་གསོད་ཀྱི་ཤ་འཁོན་བརྩད་སོང་། ད་ནང་ཧྥ་རང་སི་དང་དབྱིན་ཡུལ་གྱི་གྲོང་ཁྱེར་ག་གེ་མོའམ་གྲོས་ཚོགས་ཀྱི་སྒོ་ཁ་ཞིག་ལ་འཇིག་སྐུལ་པས་འགས་གཏོར་བྱེད་རབས་སོགས་གླེང་ནས། སང་ཉིན་དང་གནངས་ཉིན་ལ་ཁྱོད་དང་ཁོ་ཡོད་སར་བསམ་མི་འདོད་ཅིང་དྲན་མི་ཕོད་པའི་དོན་རྐྱེན་དང་། ཟིང་འཁྲུག་བསླང་བ་སོགས་ཀྱིས་གསར་འགྱུར་གྱི་སྡུག་སྐད་ལུང་པ་གང་ཚོད་ཚོད་ལ་རྣ་རུ་བླུགས་ཤིང་འཛུལ་འོང་བས། དོན་མེད་ཀྱི་མི་རྣམས་འཇིགས་སྔངས་ལ་བརྫངས་ཀྱི་འདུག བདེ་སྐྱིད་ཀྱི་གཞི་མ་བཅོམ་གྱི་འདུག ལྷིང་འཇགས་ཀྱི་མི་ཚེ་གཏོར་གྱི་འདུག དེས་ན་འདི་ལྟ་བུ་ཡི་སྤྱི་ཚོགས་ལ་ཞི་བདེ་དང་ལྷིང་འཇགས་ཤིག་གང་དུ་མཆིས་ཤིང་ནམ་ཡང་ཡོང་མི་སྲིད་པ་ཞིག་ཏུ་འཁུམ།

འུ་ཚོར་ཉེ་ས་ལ་རབ་བྱུང་གཅིག་ཙམ་གྱི་ཡར་སྔོན་དུ་བྱུང་བའི་འཛམ་གླིང་གི་གནས་ཚུལ་དག་ལ་ཤེས་རྟོགས་བྱེད་པའི་ནུས་པ་དང་མིག་རྒྱང་མེད་ནའང་། ད་ལྟའི་འཛམ་གླིང་གི་ངོ་གདོང་ལ་དབྱེ་ཞིབ་དང་ཤེས་རྟོགས་བྱེད་པའི་སྙིང་སྟོབས་ཤིག་ངེས་པར་དུ་དགོས་ཀྱི་འདུག ངས་བར་ལམ་ནས་རྒྱལ་ཕྱི་ནང་གི་གསར་འགྱུར་ཁག་ལ་རྣ་བ་གླན་པ་ཡིན། ཉེ་དུས་ཀྱི་སྟོང་ལོ་བཅུ་གཅིག་ནས་འགོ་བརྩམས་ཏེ་ད་བར་སེ་རཱི་ཡ་ལ་དྲག་མཚོན་གྱི་དྲག་རྒོལ་ཐེངས་བརྒྱ་དང་ཞེ་ལྔ་ཙམ་བྱུང་ཞིང་། སློབ་བུ་ས་ཡ་གཉིས་ཙམ་ལ་སློབ་ཁང་དང་སྡོད་ཁང་མེད་པར་གྱུར་ནས་ཕལ་ཆེ་བ་ཞིག་ནི་དྭ་ཕྲུག་ཏུ་ལུས་འདུག རེད་དེ་ཡ་ང་བའི་སློབ་ཕྲུག་དེ་ཚོའི་ཤེས་ཡོན་དང་སྡོད་ཁང་ལ་བསམ་ཤེས་བྱེད་མཁན་སུ་ཞིག་ཡོད་དམ། ཁོང་ཚོའི་ཚེ་སྲོག་གི་བདེ་འཇགས་ལ་སྲུང་སྐྱོབས་ཀྱི་དཔུང་ཤེད་ངོམ་མཁན་གང་དུ་གདའ།  མགོན་སྐྱབས་བྲལ་བའི་སློབ་མ་ས་ཡ་གཉིས་པོ་དེ་ཡིས་སོ་སོའི་འཚོ་གནས་ཀྱི་དཀའ་འཕྲང་ཐོད་དུ་བསུས་ནས་ཤེས་རིག་གི་མྱུ་གུ་ཁོག་ཏུ་གདུ་བར། ཉིན་གྱི་ཟས་ཆུ་ཆད་ཅིང་མཚན་གྱི་གཉིད་ལམ་གཏོར་ནས་འཇིགས་རྒོལ་དང་དྲག་སྤྱོད་ཀྱི་ཀློང་ནས། ཡོད་ཚད་ལ་གདོང་གཏད་དེ་དཔའ་ངར་ཞུམ་མེད་དུ་ཤེས་རིག་གྱི་གནས་ལ་འབུངས་ཀྱིན་པ་དེ་འཛམ་གླིང་གིས་གོ་ཡོད་ཚོད་ཡིན། གལ་ཏེ་འཛམ་གླིང་གི་བདེ་སྡུག་ཞུ་སའི་མཉམ་འབྲེལ་རྒྱལ་ཁབ་ཟེར་བ་དེ་དུར་སྒོམ་ནང་གི་བེམ་རོ་ཞིག་མིན་ཚེ་ཉམ་ཆུང་གི་རྒྱབ་ལ་བདེན་པའི་དཔུང་ལག་བརྫེས་རན་ཚོད་ཡིན་ཀྱང་ད་བར་གོ་རིག་ཅི་ཡང་མི་འདུག ཁྲིག་ཁྲིག་མིན་ན་ཁོ་ཚོ་དག་ནི་ལྐོག་རྔན་གྱིས་གྲོད་པ་བགྲངས་ནས་སྟུག་དྲི་འཚུབ་བེར་རྒྱགས་གཉིད་ཤོར་ཡོད་ནའང་ཐང་། དེ་འདྲ་བའི་མཉམ་འབྲེལ་རྒྱལ་ཁབ་ཅིག་ཡོད་པ་ལས་མེད་ན་སྤུས་གཙང་ཞིང་སེམས་ཚིམ་པ་མ་ཡིན་གྲང་།

མི་གསོད་འཕྲོག་བཅོམ་གྱི་གྱོད་གཞི་དང་འཛམ་གླིང་ཟིང་འཁྲུག་གི་ཉེས་ཚབས་ནིི་ཉིན་རེ་བཞིན་ཇེ་མང་ཇེ་ཐུ་རུ་འགྲོ་ཡི་ཡོད་ནའང་འགོག་སྲུང་གི་ནུས་པ་ནི་ཧ་ཅང་ཉམ་ཐག་ཅིང་ཤིན་ཏུ་གཉོང་ཆུང་བ་ཞིག་ཏུ་མཐོང་གི་འདུག སྤྱིར་དེང་སང་ཡོད་ཚད་དཔལ་འབྱོར་གྱིས་བསླུས་ནས་སྤྱི་དམངས་ཀྱི་དོན་དུ་ཕན་བདེ་སྒྲུབ་མཁན་དཀོན་ཚོད་དུ་ཡོད་པ་ཤེས་གསལ་རེད། ལྷག་ཏུ་ང་ལྟ་བུ་ལ་མཚོན་ན་རྒྱ་ནག་དམར་ཤོག་རིང་ལུགས་པས་ལས་བཟང་དོན་བཟང་ཞིག་བསྒྲུབས་ཀྱི་རེད་ཡེ་ནས་བསམ་མ་མྱོང་ལ་རེ་བ་ཡང་ནམ་ཡང་འཆང་མྱོང་མེད། གལ་ཏེ་ཁོང་ཚོར་ཡིད་རྟོན་དང་རེ་བ་བྱེད་མཁན་ཡོད་པའི་དབང་དུ་བཏང་ནའང་དེ་ནི་སྟོང་པ་ཉིད་དུ་སོང་བའི་རེ་སྟོང་ཞིག་ལས་འདས་མེད། དེ་ཡང་། དམར་པོའི་སྲིད་གཞུང་གི་བདེ་སྲུང་བའི་མིང་བྱང་ཁུར་བའི་ཁྱི་སྤྱང་དེ་ཚོ་ནམ་རྒྱུན་ཡིན་ན་དྲག་ཆས་སྤྲས་ནས་རྐུན་ཇག་དང་དོན་རྐྱེན་སློང་མཁན་སུ་ཞིག་མཐོ་གང་ལའང་འགྲོ་དབང་མེད་པར། འཇུ་བཟུང་བྱེད་ངེས་པའི་ཕྱི་ཚུལ་རྫིག་པོ་ཞིག་བོད་མི་ཉམ་ཆུང་གི་མགོ་ཐོག་ཏུ་ངོམ་གྱིན་ཡོད་མོད། དོན་དངོས་ཐོག་ཁོང་ཚོ་དག་ནི་ཉམ་ཆུང་ནུས་མེད་ཀྱི་གཉའ་ལ་ཐུག་དུས་སྟག་གཟིག་ལྟར་ངར་བའི་གཡོ་རྒན་འབའ་ཞིག་རེད། རྒྱུ་མཚན་ནི་ད་ལོ་ན་ནིང་བོད་ཁུལ་དུ་བྱིས་པ་དང་ཕྲུ་གུ་མང་པོ་མི་རྐུན་རྒྱག་མཁན་གྱི་ཇག་ཚོགས་ཤིག་བསླེབས་ནས། ཉིན་དང་མཚན་གྱི་འཛེམ་བག་མེད་པར་མི་རྐུན་གྱི་ནག་ཉེས་བཟོས་ནས་མཐོ་སྒང་གི་སྤྱི་ཚོགས་ལྷེང་འཇགས་གཏོར་གྱི་འདུག སྤྱིར་ན་ཕྲུ་གུ་ཇག་རྐུན་རྒྱག་པ་ནི་ཚད་མཚམས་ལས་འདས་ཤིང་བསམ་ཡུལ་ལས་འགོངས་བའི་གྱོད་ཉེས་ནག་ཅན་ཞིག་ཡིན་སྟབས། ཇག་ཚོགས་དེའི་རིགས་ནི་བརྡུངས་རྡེག་ཚ་ནན་བཏང་ནས་རྩ་གཏོར་གཏོང་དགོས་ངེས་ཀྱང་། སྤྱི་དམངས་ཀྱི་བདེ་འཇགས་སྲུང་བའི་སྤྱི་བདེ་ཉེས་རྟོགས་རུ་ཁག་གི་དཔའ་རྩལ་དང་དཔུང་ཤེད་མཁོ་ཞིང་དགོས་པའི་དུས་དེར།། ངོ་མ་བྱས་ན་ཁོང་ཚོ་ནི་དྲང་བདེན་གྱི་རྒྱབ་ལངས་བྱེད་མཁན་ཐོག་མ་དེ་ཡིན་དགོས་ངེས་ཀྱང་། སྐབས་ཕྲལ་དེར་ཡོད་ཚད་ཞ་ནད་དང་གཟའ་ནད་ཀྱིས་མནོས་ཏེ་ལྷང་ལ་བུད་མཁན་སུ་ཡང་མེད་པ་རེད། འདི་ནི་རྒྱ་རིགས་ཙམ་མིན་པར་མི་རིགས་མང་པོའི་བདེ་སྲུང་ཉེས་རྟོགས་པའི་གདོང་པགས་ཀྱང་རེད། རྒྱུ་མཚན་ནི་ཁོ་ཚོ་དག་གིས་ལྐོག་རྔན་བླངས་ནས་ཡིད་ཚིམ་ཏེ་ཕྱི་བ་དགུན་མཚམས་ལ་བསྡད་པ་ལྟར་འགུལ་མི་འདོད་པ་ལྟར་བསྡད་ཡོད།   མཚམས་རེ་ངས་འདི་དང་འདི་འདྲ་བའི་འཛམ་གླིང་གི་ངོ་གདོང་མཐོང་དུས། མཐོ་མཉམ་འབྲེལ་རྒྱལ་ཁབ་དང་དམའ་སྒོ་སྲུང་བ་ཚུན་གྱི་མི་རྣམས་ནི་ཁྱི་སྤྱང་ངན་འབྲེལ་བྱས་པའི་ཇག་ཚོགས་ནག་ཅན་ཞིག་ལས། བདེན་ལུགས་ཀྱི་འོད་སྣང་སྐྱོང་ཞིང་བདེ་སྐྱིད་ཀྱི་མལ་ས་སྲུང་བའི་འཚོ་གནས་ཀྱི་མདུན་ལམ་ཞིག་ཕལ་ཆེར་མེད་ཚོད་དུ་ཚོར་ནས་གློ་བུར་བའི་འཇིགས་སྣང་ཞིག་གིས་སེམས་པ་ཧད་འགྲོ་ཡི་འདུག

ལར་རྒྱ་ཆེ་ལ་ཁྱོན་ཡངས་ཤིང་འདུ་ལོང་མོད་པའི་འཇིག་རྟེན་འདི་གྲི་ཡིས་གཏུབས་པ་ལྟར་ཚང་མ་ཆ་འགྲིག་ཅིང་ཁོད་སྙོམས་པ་ཞིག་ཡོང་རེ་བྱས་པ་ནི་མི་སྲིད་པ་ཞིག་ཡིན་མོད་ཀྱང་། མི་ཟེར་བའི་འགྲོ་བ་འདི་ལ་གཅིག་མཚུངས་ཀྱི་འདོད་མོས་དང་རྨི་ལམ་ཞིག་ཡོད་པ་ནི་ཞི་ལྷིང་དང་བརྩེ་སེམས་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བ་དེ་རེད། དེས་ན་ཐོག་མ་ནས་མི་མང་པོ་ཞིག་གིས་འཁྲུག་རྩོད་དམག་འཐབ་ཀྱི་གཡུལ་འགྱེལ་ཆེན་མོ་འདི་ནི་ཞི་ལྷིང་དང་བདེ་སྐྱིད་དོན་དུ་ཡིན་པར་རློམ་གྱི་ཡོད་ཀྱང་། དེ་ནི་ནམ་ཡང་འགྲུབ་ཐབས་མེད་པའི་ལོག་ལྡོག་གི་ཚོད་དཔག་ཅིག་སྟེ། ཁྱོད་ཤི་ང་གསོན་གྱི་ཤ་འཁོན་རྫོགས་མེད་ཅིག་གི་ཀློང་དུ་ཚེ་རབས་ནས་ཚེ་རབས་ལ་འཐབ་ནས་མི་ཚེའི་ལྷིང་འཇགས་དང་བདེ་སྐྱིད་ཀྱི་གཞི་མ་བཅོམ་བརླགས་གཏོང་སྤྱད་འབའ་ཞིག་རེད། དཔེར་ན་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་མཐར་ཐུག་གི་དམིགས་དོན་ཉག་ཅིག་ནི་དགྲ་བོ་གཏོར་ཕམ་རྩ་འཇོམ་བཏང་ནས། འཛམ་གླིང་འདིའི་མི་རྣམས་ཀྱིས་སྤྱི་ཚོགས་ཀྱི་ཁེ་དབང་ལོངས་སུ་སྤྱོད་ཐུབ་པའི་བདེ་འཇགས་ཤིག་བསྐྲུན་དགོས་བསམས་ཡོད་པ་རེད། ཡང་གཅིག་བཤད་ན་གྲང་དམག་དུས་སྐབས་སུ་རྒྱལ་ཁབ་ཆེ་ཆུང་ཚང་མས་མནའ་མཐུན་རྒྱལ་ཁབ་བཙུགས་ཏེ་རྡུལ་ཕྲན་མཚོན་ཆའི་གོ་ཧྲག་བཟོ་རྩལ་གྱི་འགྲན་རྩོད་བྱས་ཏེ་དམག་འཐབ་ཀྱི་སྟ་གོན་བྱས་པ་དེ་ཡང་། སུ་ཞིག་གིས་སུ་ཞིག་རྨེག་མེད་དུ་བཏང་སྟེ་རང་ཉིད་ལ་ཉེན་ཁ་མེད་པའི་བདེ་འཇགས་ཤིག་དང་ཞི་ལྷིང་ལྡན་པའི་བདེ་སྐྱིད་ཅིག་ལོངས་སྤྱོད་ཐུབ་པར་ཧུར་བརྩོན་བྱས་པ་རེད། དེ་བཞིན་ད་ལྟའི་འཛམ་གླིང་གི་འཇིགས་སྐུལ་དང་ཟིང་འཁྲུག་གི་ངོ་གདོང་ལ་བལྟས་ནའང་ཚུལ་དེ་ལས་གཞན་པའི་དམིགས་དོན་ཞིག་མ་མཆིས་སོ། འཇིག་རྟེན་སྲིད་པ་ཆགས་ནས་ད་བར་དུ་འཁྲུག་རྩོད་ཀྱི་ངོ་བོ་ཛ་དྲག་ནས་ཛ་དྲག་ཏུ་འགྱུར་བའི་འཇིག་རྟེན་པའི་ཡ་ང་བའི་རྣམ་ཐར་འདི་ལས། འུ་ཚོས་མཐའ་སྡོམ་ཞིག་འཕོག་པ་ནི་དྲག་གཅོད་དང་གསོད་གཏུབ་ལ་བརྟེན་ནས་ཞི་བདེ་དང་ལྷིང་འཇགས་ཤིག་ནམ་ཡང་ཡོང་རེ་མེད་པ་དེ་ཤེས་དགོས་པ་རེད།

འོ་ན་མིག་སྔར་གྱི་འཛམ་གླིང་འདི་རུ་ཞི་ལྷིང་གི་འཚོ་གནས་གཏན་ཆགས་ཤིག་ཇི་ལྟར་བསྐྲུན་དགོས་ཞེས་ན། ཐོག་མར་འུ་ཚོས་མི་གཤིས་ཀྱི་ཀུན་སྤྱོད་དང་བསམ་མནོ་དེ་ཉིད་གདུག་རྩུབ་ཅན་ཞིག་ཏུ་འགྱུར་བའི་རྒྱུ་རྐྱེན་དེ་འཚོལ་ཞིབ་བྱེད་དགོས་ཀྱི་འདུག ངས་མིའི་རིགས་ཀྱི་ཚེ་སྲོག་ལ་རིན་ཐང་དང་གཙི་འཇོག་མི་བྱེད་པ་འདི་ནི་དཔལ་འབྱོར་གྱིས་མི་ཡི་བཟང་སྤྱོད་ལ་བསླུ་བྲིད་བྱས་པ་ཞིག་ཏུ་སེམས་ཀྱི་ཡོད། འགྲོ་བ་མི་དག་གིས་རང་གི་འཇོན་ཐང་དང་སྟོབས་ཤུགས་ལ་གདེང་ཚོད་ལོན་ཞིང་རང་གི་སྐྱེས་སྟོབས་ཀྱི་ནུས་པ་བཀོལ་བའི་དུས་ལ་བསླེབས་དུས། འཇིག་རྟེན་ཚུལ་མཐུན་གྱི་སྤྱོད་ལམ་དང་འགྲོ་བ་མི་གཤིས་ཀྱི་བརྩེ་སེམས་དྭངས་མོ་རྩ་ནས་དོར་ཏེ། རང་ཁོ་ནའི་ཁེ་དབང་ཆེད་དུ་སྤོབས་སེམས་ལ་ངར་སྐྱེད་སློང་ནས་ཕུ་ནས་དཀྲུགས་ཤིང་མདའ་ནས་རྙོག་གི་ཡོད་པ་རེད། ཁོ་ཅག་དག་གིས་གདུག་རྩུབ་ཀྱི་སྦྱོར་བ་དེ་ལྟ་བུ་ཞིག་བརྩམས་དུས་ང་ཚོར་ཅིག་ཅིག་དང་ཉིག་ཉིག་གིས་ཕམ་ཁ་དང་། གྱོང་གུད་བཟོས་སོང་བས་ཁོང་ཚོར་རྒོལ་ལན་སློག་གི་ཡོད་ཅེས་བཟོད་སྒམ་དང་གཟབ་ནན་མེད་པར་གཞན་ལ་ཁག་དཀྲི་དང་ལེ་ཁག་གཡོག་གི་འདུག དེ་ནི་མཐར་གཏུག་ནས་བཤད་ན་དཔལ་འབྱོར་གྱི་ཁེ་བབ་ཡ་ཟུང་ཞིག་ལག་ཏུ་སོན་མ་སོན་གྱི་གནས་དོན་ཞིག་རེད་འདུག དཔེར་ན་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཆུ་རྩོད་རྒྱག་པ་དང་ཨ་རི་དང་ཨི་རག་དབར་སྣུམ་དམག་ཐུག་པ་སོགས་ནི་གཙོ་བོ་དཔལ་འབྱོར་གྱི་ཡོང་སྒོའི་དོན་དུ་ཡིན་པ་ཧ་ཅང་བརྗོད་མེད་རེད་ལ། ཚོགས་སྡེ་དང་ཤོ་ཁག་བར་གྱི་དམར་འཛིང་དེ་རྣམས་ཀྱང་ཚུལ་དེ་ལས་འདས་མེད་པ་ཁོ་ཐག་རེད། བཅོས་ཐབས་མེད་པའི་ནད་ཡམས་དེ་ལྟ་བུ་ནི་གཉའ་ཐོག་ལ་མགོ་ཐོགས་པའི་མི་ཕལ་མོ་ཆེ་ཞིག་ལ་འགོས་ཡོད་གྲང་ན། ཚབས་ཆེ་བའི་ནད་ཡམས་དེའི་རིགས་ནི་བཤའ་གཅོས་ཐེངས་ཤིག་མ་བཏང་ཐུ་མེད་རེད། དེས་ན་བཤའ་བཅོས་གཏོང་མཁན་གྱི་ཚད་མཐོ་ཡི་ལག་རྩལ་ཅན་གྱི་སྨན་པ་གཅིག་པུ་དེ་ནི་གཞན་སུ་ཡང་མ་ཡིན་པར་སྒེར་སོ་སོ་རང་ཡིན་པས། མི་སྒེར་སོ་སོས་མི་གཤིས་ཀྱི་བཟང་སྤྱོད་དང་ཆོག་ཤེས་ཀྱི་འདུ་ཤེས་དམ་དུ་བསྲུངས་ནས་མི་གཞིའི་ཀུན་སྤྱོད་ཉམས་པ་སླར་གསོ་བྱེད་དགོས་པ་དེའོ།། མིའི་རིགས་ཀྱི་ཀུན་སྤྱོད་ལ་ཉམ་ཉེས་བྱུང་འགྲོ་བ་དེ་ནི་ཁོ་ཚོས་ཤེས་རིག་དང་བློ་གྲོས་ལ་སྦྱངས་པ་བྱས་ནས་རྣམ་དཔྱོད་ཀྱི་རྩལ་འཛོམས་ནའང་། རང་རྒྱུད་ཀྱི་སེམས་གཤིས་ཡ་རབས་ཀྱིས་ཞི་བར་དུལ་མ་བཏུབ་པར་བརྟེན། ཤེས་རིག་གི་བློ་གྲོས་ལོག་པར་བཀོལ་ནས་དཔལ་འབྱོར་གྱི་བྲན་གཡོག་ཏུ་གྱུར་ཏེ་སྤྱི་དམངས་ལ་བསམ་ཤེས་དང་སྤྱི་ཚོགས་ལ་འགན་ཁུར་མེད་པའི་ཞི་དཀྲུག་རྐྱེན་ཞིག་ཏུ་ངན་ལོབས་སོང་བ་རེད། དེ་ནི་ཤེས་ཡོན་སྦྱངས་པའི་གོ་མ་ཆོད་པ་རེད་ལ་བློ་གྲོས་སྨིན་པའི་དོན་ཡང་མ་འགྲུབ་པ་རེད། དེ་བས་འདི་ནི་འཛམ་གླིང་སྤྱི་དམངས་ཡོངས་ལ་ཕོག་པའི་གྱོང་གུད་ཆེས་རྫབ་ཆེ་ཤོས་དེ་རེད། གྱོང་གུད་དེ་ཉམས་གསོ་དང་སླར་ལྡོག་གི་ལས་ལ་གཞོལ་བ་ནི། ཁྱད་དུ་འཕགས་ཤིང་ཕུལ་དུ་བྱུང་བའི་འགན་བཞེས་ཀྱི་འདུ་ཤེས་ཡིན་གྲང་ན། འུ་ཚོ་ཤེས་ཡོན་སྦྱངས་པའི་འགྲོ་བ་རྣམས་ཀྱིས་འབྱུང་གྱུར་གྱི་མི་རབས་ཆེད་དུ་ཞི་ལྷིང་གི་ཁོར་ཡུག་དང་བདེ་སྐྱིད་ཀྱི་གནས་མལ་ཞིག་བསྐྲུན་རྒྱུ་ཡི་སྟ་གོན་ལ་འབུངས་དགོས།

འཇིག་རྟེན་འདི་རེ་རེ་ནས་ཐོར་ཞིག་ཏུ་འགྲོ་ཡི་ཡོད་ཀྱང་རང་ཉིད་དང་ཧ་ལམ་འབྲེལ་བ་མེད་པའི་བསམ་མནོ་འཆང་སྟེ། མི་གཞན་ཞིག་གི་འོས་འགན་དུ་སེམས་པའི་གཞན་རྟེན་གྱི་བསམ་མནོ་ཁོ་ན་བསྒམས་ནས། བག་ཏུ་ཡིབ་ཞིང་གཉིད་དུ་ཡུར་བསྡད་ན་ཁྱད་ནུས་ལྡན་པའི་ཡར་སྐྱེད་ཅིག་འཁྱོངས་དཀའ་ལ། མི་རིགས་ཀྱི་སྤྱི་ཚོགས་འདི་དུས་ནམ་དུ་ཡང་ནད་མུག་འཁྲུག་རྩོད་དང་གཏོར་བརླག་བཅོམ་འཕྲོག་གི་རྙི་ལས་གྲོལ་མི་བཏུབ། དེ་ལྟར་མི་འདོད་ཚེ་ཉིན་ཧོང་དང་ནོ་སྦེལ་གྱི་མི་རིགས་ལྟར་སོ་སོའི་རང་བྱུང་ལྷན་སྐྱེད་ཀྱི་སྟོབས་ལ་བརྟེན་ནས། ཤེས་རིག་གི་རྣམ་དཔྱོད་སྦྲུམ་པ་དེ་ཡིས་དགེ་སྡིག་ལ་གསེད་བཀྲོལ་དཀྱེལ་ཡངས་པ་ཞིག་བྱས་ཏེ། ཕན་བདེ་དང་བྱམས་བརྩེ་ཡི་ཀློང་དུ་གཞོལ་ནས། འཛམ་གླིང་ལ་བཟང་སྤྱོད་ཀྱི་སྐུལ་ལྕག་འཐེན་དགོས་པ་རེད། དེ་ལྟ་བུའི་སྤྱི་སེམས་དང་དམངས་གཙོའི་བློ་སྟོབས་ལྡན་པའི་ཁྱད་འཕགས་ཀྱི་རྣམ་དཔྱོད་ལས་འབྲས་བུ་ནུས་རྩལ་ལྡན་པ་ཞིག་འབུར་དུ་ཐོན་ནས། ལྷེང་འཇགས་ཀྱི་མཁའ་དབུགས་ཀློང་ཡངས་བ་ཞིག་འཛུགས་ཐུབ་ཀྱི་རེད། དེས་ན་ད་གཟོད་མིའི་རིགས་ཀྱི་མངོན་འདོད་འགྲུབ་པ་རེད་ལ་འབྱུང་གྱུར་གྱི་མི་རབས་ལ་ཤ་འཁོན་ཁྲག་འཁོན་གྱི་གྱོད་ཁ་མོད་པའི་འཛམ་གླིང་ཞིག་རྩིས་སྤྲོད་བྱེད་པའི་ངོ་གནོངས་སྐྱེ་མ་དགོས་པར། དེ་ཡི་དོད་དུ་འཐུས་སྒོ་ཚང་ཞིང་འཆམ་མཐུན་ཆིག་སྒྲིལ་གྱི་སའི་གོ་ལ་ཞིག་བསྟར་འབུལ་ཐུབ་སོང་བའི་སྤོབས་པས་རང་སེམས་ཁུར་གྱིས་ནོན་ནས་སྤྲོ་བ་སྐྱེད་ཡོང་།

ཁ་རྩང་དེ་རིང་འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་ཆོས་དཔོན་དག་གིས་མ་གྲོས་གཅིག་མཐུན་དུ་ཞི་ལྷིང་ཡོང་བའི་འབོད་སྐུལ་ཞུ་ནན་ལུ་གུ་རྒྱུད་དུ་བྱེད་ཀྱིན་པ་ནི། མི་ཞེས་པའི་སྲོག་ཆགས་དེའི་ཀུན་སྤྱོད་ལེགས་བཅོས་ཐུབ་ན་བསམ་གྱི་ཡོད་པ་རེད། རྒྱུ་མཚན་ནི་འཇིག་རྟེན་གྱི་གྲུ་ཁ་འདྲ་མིན་ནས་འཇིགས་སྔངས་ཀྱི་འོ་དོད་འབོད་ཅིང་མགོན་སྐྱབས་ཀྱི་དཔུང་རོགས་འགུག་མཁན་ཆར་རྗེས་ཀྱི་ཤ་མོ་ལྟར་བརྡོལ་ཡོང་བའི་ཉེན་ཚབས་ཀྱི་རང་བཞིན་འདི་གོ་རིག་བྱུང་བའི་སྟབས་ཀྱི་རེད། ཉེན་ཚབས་དེ་ནི་འགྲོ་བ་མི་ཡི་ཀུན་སྤྱོད་ཅེས་པའི་ལུགས་མཐུན་གྱི་རང་གཤིས་གསོན་པོ་དེ། དཔལ་འབྱོར་ཞེས་པའི་སྲོག་མེད་ཀྱི་བེམ་པོ་ཞིག་གིས་བྲན་གཡོག་ཏུ་ཚུད་ནས་སླད་མེད་ཀྱི་མི་སེམས་ལ་མྱོས་ཆང་ལྡུད་དེ་འཇིག་རྟེན་དཀར་ནག་གོ་ལྡོག་ཏུ་བསྒྱུར་གྱིན་པ་དེ་རེད། “མེ་མདས་མི་བསད་པ་མ་ཡིན་ཞིང་མི་ཡིས་མི་བསད་པ་རེད”ཅེས་པའི་དབྱིན་ཇེའི་ཁ་དཔེ་འདི། མ་གཞི་སྡོམ་ཚིགམདོར་བསྡུས་ཤིག་ལས་མིན་ནའང་དེའི་རྒྱབ་ལྗོངས་ལ་མིའི་ཀུན་སྤྱོད་བཤད་ཀྱི་འདུག འདིས་འུ་ཚོ་ལ་ལ་བསམ་གཞིགས་ཀྱི་བར་སྟོང་ཁྱོན་ཡངས་པ་ཞིག་ངོ་སྤྲོད་བྱས་ཡོད། མདོར་ན་དེང་སང་མི་རྣམས་ཀྱི་ཁོག་ནས་ལྷོག་ལྷོག་ཏུ་གདུ་བའི་སེམས་ཀྱི་འཇིགས་སྣང་ནི་གཞན་གང་ཡང་མ་ཡིན་པར། མི་གཤིས་ཀྱི་ཀུན་སྤྱོད་ཁྱོན་ཡོངས་ནས་མར་མར་ལྷུང་ནས་རང་སེམས་ལ་གདོན་ཞུགས་པའི་ཕུང་དཀྲུག་གི་བྱས་ཉེས་ཚོད་མེད་ཅིག་གསོག་གིན་ཡོད་པ་དེའོ།།

30.3.2017

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *