གནས་འགྲོ་མའི་སྐྱོ་གར།

རྩོམ་ཡིག་འདི་ཐེངས་ 9486 བཀླགས་འདུག

ས་རཱ་མཐཐོ་སློབ། འབྲོང་རྒོད།

དང་པོ།

ལོ་ལོན་ཚོས་བཤད་པ་ལྟར་ན་ཕྱེ་བོ་སྡེ་བ་ཡུལ་འདིར་ཆགས་པ་ནས་བཟུང་ད་ལོའི་གངས་ཆེན་འདི་ལྟ་བུ་ནམ་ཡང་བབས་མ་མྱོང་ཟེར།   གངས་ཕྱེ་ལྷེབ་ལྷེབ་ཏུ་ཉིན་ཞག་ལྔ་བསྟུད་བསྟུད་དུ་བབས་བབས་པས།  ད་ནི་ས་ཆེན་འདིའི་རི་ཀླུང་ཡོད་ཚད་ཁ་བའི་གོས་ཀྱིས་བཏུམས་ནས་མི་ཆེན་གྱི་པུས་མགོ་ནུབ་པའི་མཚམས་སུ་བསླེབས་ཡོད་ཀྱང་།  ཁ་བའི་འབབ་རྒྱུན་ད་དུང་མ་ཆད་པར་བུ་ཡུག་འུར་འུར་དུ་འཚུབ་ཀྱིན་ཡོད།  རྔམས་ཁ་ཤིན་ཏུ་སྟུག་པའི་ཁ་བའི་མལ་གདན་ཐོག་ཐག་རྡང་དུ་གྲལ་ལ་བཏགས་པའི་ཕྱེ་བོ་སྡེ་བའི་སྒོ་ཟོག་འགའ་རེས།  འཁྱག་འདར་སིག་སིག་ཏུ་ཅི་ཞིག་ལ་འགྲེ་ལྡད་བྱེད་བཞིན་ཁྱིམ་བདག་གིས་གཟན་རྩྭ་རེ་ཨེ་སྦྱིན་ལ་རེ་འབོད་ཞུ་བར་ལྷས་རའི་གྲུ་ཟུར་དེ་ནས་བར་བར་ལ་ངུར་བ་ཐན་ཐུན་རེ་འཐེན་འོངས།

མཚམས་དེར་སྨིན་དྲུག་གིས་སྐྱ་མདའ་ཕུད་དེ་ག་ལེར་ནམ་ཡང་གསལ།   ཕྱེ་བོ་སྡེ་བ་ནི་མག་མོག་གི་གནམ་འོག་ཏུ་ཁ་བ་ཞོ་ལྟར་ཆགས་པའི་ས་གཞིའི་ངོས་སུ་ཙོག་གེར་མངོན་ཞིང་།  ཕར་བལྟས་ན་ཚང་མ་གངས་ཆེན་འདི་ལ་འཇིགས་དངངས་བྱེད་ཀྱིན་ཡོད་པ་དང་ཀུན་ནས་མཚུངས།  དེ་རིང་ཕྱེ་བོ་སྡེ་བའི་ཡུལ་མི་ཀུན་ལས་ཇེ་དགའ་ཚང་གི་མནའ་མ་དཀར་མཚོ་ནི་ཕལ་ཆེར་ལངས་སྔ་ཤོས་དེ་ཡིན་ངེས།  དཀར་མཚོས་གླལ་སྒྱིང་དང་བཅས་མལ་ནས་ལངས་སྟེ་སྒོར་བུད་ནས་ཕུ་ལྟ་མདའ་ལྟ་ཞིག་བྱས་པས་དབུགས་རིང་ཞིག་ངང་གིས་ཤོར།  དཀར་མཚོ་སྒོ་ལ་བུད་པ་ཁོང་ཚང་གི་སྒོ་རའི་གཡས་སུ་ལྕགས་ཐག་གིས་སྐོར་བཞག་པའི་སྒོ་ཁྱིས་ཤེས་ཏེ།  ཁྱི་ཁུང་ནས་སྤྲུག་གསིག་དང་བཅས་ཕྱིར་ཐོན་ནས་ཨ་སྟོང་རྒྱག་བཞིན་མནའ་མ་དཀར་མཚོའི་ཉམ་ཐག་པའི་ངོ་གདོང་ལ་ལྟས་ཏེ་བསྡད།   ཁ་བའི་འདབ་མ་ནི་སུ་ལའང་འཛེམ་བག་མེད་པར་སྐྱ་ཐར་ཐར་དུ་ནོར་འཛིན་འདི་ཡི་ཁ་དོག་སྐད་ཅིག་ལ་བསྒྱུར་བར་འགྲན་པ་བཞིན་འབབ་ཡོང་བས།  ཡུད་ཙམ་ནང་དཀར་མཚོའི་འཛིངས་ཤིང་དྲེགས་པའི་སྐྲ་དང་སློག་ཧྲུལ་གྱི་ཕྲག་པའི་གཞོགས་སུ་ཁ་བའི་ཕྱེ་མ་སྐྱ་ལེང་ངེ་ཁྱབ་སོང་།  མོས་ཁེབས་འོག་ཏུ་སྤུང་བཞག་པའི་སོག་མ་དེ་ནས་ཆག་པ་གཅིག་བླངས་ཏེ་རྡང་ལ་བཏགས་པའི་སྒོ་ཟོག་རེ་རེ་བྱས་ཏེ་བགོས་ནས་ལྷས་སྒོ་བསྡམས།   དེ་ནས་མགོ་དང་ལུས་ཐོག་ཏུ་ད་སོ་མ་བབས་པའི་ཁ་རྡུལ་དག་རྡེབ་རྡེབ་དང་བྱི་དོར་བྱས་ཏེ་ཡར་ཁྱིམ་སྦུགས་སུ་འཛུལ།  ཅུང་མ་འགོར་བར་ལག་ཏུ་རྩམ་ལྡུར་ཁྱི་ཟོ་གང་ཁུར་ནས་ཐོན་ཡོང་སྟེ་སྒོ་ཁྱི་རྒྱ་སྨུག་གི་མདུན་དུ་བཞག་ནས་དབྱུག་གུ་ཞིག་གིས་དཀྲུག་དཀྲུག་ལེན་འགའ་བྱས་ཏེ་བླུད།  དེ་ནས་སླར་ཡང་སྐྲ་དང་སློག་པར་ཐོགས་པའི་ཁངས་ཕྱེ་དག་བྱི་དོར་སྟབས་བདེ་ཞིག་བྱེད་ཞོར་རྐང་པ་ཐེམ་རྐས་ཐོག་རྡབ་རྡབ་འགའ་བྱས་ཏེ་ཕྱིར་ཁྱིམ་ཕུག་ཏུ་འཛུལ་ནས་མི་མངོན་པར་གྱུར།

མནའ་མ་དཀར་མཚོ་ནི་མ་ཡོས་སྡེ་བའི་ཡུ་ལེ་ཚང་གི་བུ་མོ་གཅིག་པུ་དེ་ཡིན་ཞིང་།  མོ་ཕྱེ་བོ་སྡེ་བའི་ཇེ་དགའ་ཚང་དུ་མནའ་མར་ཡོང་ནས་ད་ལོ་ཐེ་ན་ལོ་ཧྲིལ་པོ་གསུམ་ལ་ཁ་ལོན་ཡང་།   སེམས་པ་བཅོལ་སའི་བུ་ཕྲུག་ཅིག་ད་དུང་བཙས་མེད་པས་ཁྱོ་བོ་ལྷ་དར་ད་ནི་ཡིད་ཐང་ཆད་དེ་བསྡད་ཡོད།  འོན་ཏེ་ལྷ་དར་ནི་མི་བསམ་ཡོད་ཅན་ཞིག་རེད།  ཨ་ཡེ་ལུག་མོས་རྒྱུན་པར་འགྲིག་མི་འགྲིག་གི་གནས་ཚུལ་ཅི་ལ་ཐུག་ཀྱང་།  ལེ་ཁག་ཡོད་ཚད་མནའ་མར་དཀྲིས་ནས་ཁ་ངན་ཚིག་ངན་གྱིས་གཤེ་བར།  ལྷ་དར་གྱིས་དཀར་མཚོའི་ཕྱོགས་སུ་ལངས་ཏེ་ཨ་མའི་ངན་ལོབས་སུ་སོང་བའི་གཤིས་ཀར་སྐྱོན་བཏོན་པ་དང་།  བྱེད་སྟངས་འདི་ལུགས་མཐུན་མིན་པའི་གོ་འགྲེལ་ཡང་ཡང་བྱེད།  མ་གཞི་ལྷ་དར་དང་དཀར་མཚོ་གཉིས་གཅིག་སེམས་གཅིག་འདྲེས་དང་ཕར་དགའ་ཚུར་དགའ་ཡི་འཇིག་རྟེན་ཕོ་མོའི་བརྩེ་དུང་གི་ཟམ་རྒྱུན་བཙུགས་ཏེ།  ཁ་མཐུན་ཞེ་མཐུན་སྒོ་ནས་གཉེན་སྒྲིག་སྟོན་མོ་བཤམས་པའི་བཟའ་ཚང་ཞིག་མ་ཡིན་ཡང་།  ཁོས་དཀར་མཚོ་ནི་ལས་ཀྱིས་བསྐོས་པའི་ཆུང་མར་བསམས་ཏེ་འདང་བརྩེ་དང་བརྩི་བཀུར་ཆེན་པོ་བྱས།   མནའ་མ་དཀར་མཚོ་ནི་ཡག་མོ་སྒོ་འཛོམས་པའི་ཀུན་ཡིད་འཆོར་སའི་བུད་མེད་མཛེས་མ་དེ་འདྲ་ཞིག་མིན་ཡང་།  མོའི་གཟི་འདྲ་བའི་མིག་ཟུང་ལ་རྒྱ་གར་གྱི་ཀློག་བརྙན་འཁྲབ་མཁན་ཨ་ཤུ་ཝེར་ཡཱའི་ཆ་ག་ལྟ་བུ་ཞིག་ལྡན་ཡོད་པ་རེད།  དེ་ནི་སྡེ་བའི་ཕོ་གསར་ཚོའི་སྙིང་དམར་པོའི་གཤེ་མར་གྱུར་ནས་ཆགས་མིག་གི་ལྐོག་མདའ་ཡང་ཡང་འཕེན་སའི་མིག་འབེན་ཡིན།  ཡིན་ནའང་རྡོ་བཀྲ་ནི་ཡོད་ཚད་ལས་ལྡོག་སྟེ་མོའི་བྲང་ཁོག་ནས་ལོ་ཚད་ལས་བརྒལ་བའི་མྱོས་བུམ་ཞིག་མངོན་ཆགས་སུ་འབུས་བཞིན་ཡོད་པ་དེར་སེམས་པ་ཤོར་ཀྱི་ཡོད་པ་རེད།  མ་ཡོས་སྡེ་བའི་འཆལ་བོ་རྡོ་བཀྲ་ཐེ་བའི་གསར་བུ་མང་པོས་མོའི་འཚར་ལོངས་ལ་དོ་སྣང་དང་ཆགས་བཤད་སྣ་ཚོགས་བྱས་ཡོད།

གཉིས་པ།

དཀར་མཚོས་བཅུ་དྲུག་གི་ལང་ཚོའི་འདབ་མ་ཕྱེས་ནས་བྱིས་པའི་ན་ཚོད་ལས་ཐོད་བརྒལ་ཕྱིན་པའི་དབྱར་སྒང་དེར།   ཁོང་ཚང་གི་སྒོ་ཟོག་ལྔ་བཅུ་པོ་རི་སུལ་ཞིག་ཏུ་བཀྲམ་ནས་ཁོ་མོ་ཁྲ་ཆིལ་ལེར་འབུས་པའི་སྤང་ཁའི་མེ་ཏོག་སྲུབས་སུ་མེ་ཏོག་གི་དོ་ཤལ་ཞིག་སླས་ཀྱིན་སློག་པའི་ཕུ་ཡ་སྤུད་ནས་ཁ་སྦུབ་མར་བསྡད་ཡོད་པའི་སྐབས་དེར།   རྒྱུན་དུ་དཀར་མཚོ་ཡི་འགྲོ་འདུག་སྤྱོད་གསུམ་ལ་མངོན་ལྐོག་གཉིས་ནས་རྗེས་སྙེག་དང་འཚོལ་ཞིབ་བྱེད་པའི་རྡོ་བཀྲ་འཆལ་བོ་མོའི་རྩིབ་ན་གང་ཞིག་ནས་ཡོང་མིན་མ་ཤེས་པར་གློ་བུར་དུ་ཐོན་ཡོང་།   སྡེ་བའི་རྒས་གཞོན་ཚང་མས་ཁོ་ནི་མི་ངོ་ཚ་ཁྲེལ་མེད་ཅན་ཞིག་ཡིན་པ་རྒྱུན་དུ་ལབ་གླེང་བྱེད་བཞིན་ཡོད་པས།  དཀར་མཚོས་ཀྱང་ཁོའི་མི་གཤིས་གང་དེ་ཤེས་བཞིན་ཡོད།   མོས་དེ་རིང་ཁོ་རང་ཉིད་ཀྱི་རྩིབ་ན་ཡོང་བ་འདི་ཡག་ལྟས་ཤིག་མ་རེད།  གང་ལྟར་ཁ་ཡ་མ་བྱས་ན་དྲག་བསམ་ཏེ་མེ་ཏོག་གི་ཁུད་ནས་ཡར་ལངས་ནས་སྣང་མེད་དུ་ཁ་ཕར་གཅུས་ཏེ་གཡོལ་རྩིས་བྱས་པ་ན།  ཁོས་དེ་མུར་མོའི་མདུན་དུ་མཆོང་རྒྱུག་དང་བཅས་སྔོན་བཀག་ནས་མིག་ཟུམ་ཟུམ་དང་མགོ་ཧྲིག་ཧྲིག་གིས་”ཁྱོད་ང་ལ་བཟུར་ནས་འགྲོ་བ་ཅི་རེད།  དེ་རིང་ང་ལ་ལས་རྒྱུ་ཅང་མེད་སྟབས་རྫི་རོགས་སུ་ཡོང་བ་ཡིན། ཡ་ད་མར་སྡོད་དང་”ཞེས་རྡོག་སྣེས་ས་ལ་བཅག་བཅག་བྱེད་ཀྱིན་ཨུ་ཚུགས་ཀྱིས་མོ་མར་བསྡད་དུ་བཅུག་ཀྱང་།   དཀར་ཚོས་ཁོའི་སྐད་ཆ་ལ་ཁ་ཡ་མ་བྱས་པར་དེ་ལས་འགྲོ་བར་བརྩམས་པས།  ཁོས་ད་སོ་མ་ལོ་ན་སྨིན་པའི་བུ་མོ་ཆུང་ཆུང་ཞིག་ལའང་རང་སྣང་མཐོ་པོ་འདི་འདྲ་ཡོད་པ་མཐོང་ནས།  མཚར་སྣང་སྐྱེས་ཏེ་ཁྲེལ་བགད་དང་བཅས་མོའི་མགོ་ནས་རྐང་བ་བར་ཞིབ་ལྟ་ཞིག་བྱས་པ་ན།  བྲང་ཁོག་ཏུ་འབུར་རེར་མངོན་པའི་འོ་འཛིན་གྱིས་འོག་འཇུག་སྐྱ་རིལ་མ་དེ་ཚུར་བརྒྱངས་ནས་ཡོད་པ་མཐོང་བས།  ཁོས་དེ་མུར་ད་ལྟ་ཉིད་དུ་མེ་ཏོག་འདི་བཅོམ་ཐུབ་ན་ཅི་མ་རུང་ཨང་སྙམ་པས།  ཆགས་སྲེད་ཀྱི་མེ་ལྕེ་ཞིག་དེ་མུར་ཚོད་ཚོད་ལ་ཁོག་གསེང་ནས་རྒྱུ་ཡོང་སྟེ་ལུས་ཀྱི་བ་སྤུ་ཡང་གཟེངས།  དཀར་ཚོས་ཁོ་ཡི་རྣམ་འགྱུར་དང་ཚུགས་ཀ་དེ་ལས་དེ་རིང་ཁོས་མི་རུང་བ་ཞིག་བྱ་རྒྱུ་ཡིན་པའི་སྔོན་ཤེས་ཐུབ་སྟེ་རང་གི་བློ་ཇུས་ལ་བརྟེན་ནས་འདི་ནས་ཐར་ཐབས་མ་བྱས་ན་འགྲིག་མ་སོང་སྙམ་ནས།  ཁྲོ་བའི་གདངས་དང་བཅས་”ཁྱོད་ལས་ཀ་ཡོད་མེད་ང་དང་འབྲེལ་བ་མེད།  མ་ཟད་ང་ལ་རྫི་རོགས་ཁྱོད་འདྲ་མ་ཞིག་མི་དགོས།  དེ་ལས་ཁྱོད་ཁྱོད་ས་ལ་སོང་།  ང་སྒོ་ཟོག་རུག་ཏུ་འགྲོ་དགོས་ཡོད།  མ་གཞི་དོན་གྲུབ་ཀྱང་འདིར་སླེབས་རན་ཚོད་ཡིན། “ཅེས་མོས་དོན་གྲུབ་དང་ཐུག་རྒྱུའི་ཁ་ཆད་རྩ་བ་ནས་བྱས་མེད་ཀྱང་།  གཅིག་ནས་ཁོས་ཡ་ཡུད་མི་བྱེད་པ་དང་གཉིས་ནས་སྐད་ཆ་དེས་རང་ཉིད་ཉེན་ཁལས་སྐྱབས་ཐུབ་ཀྱི་རེད་བསམས།  དེ་ལྟར་དཀར་མཚོས་ཁོ་ལ་སྐྲག་སློང་བའི་བརྡ་ཞིག་བརྒྱབ་པ་དང་དེ་ལས་བཟུར་ནས་འགྲོ་རྩིས་བྱས་ཀྱང་།  རྡོ་བཀྲས་ཧ་་་ཧ་་་ཞེས་ཧབ་བགད་དང་སྦྲགས་དོན་གྲུབ་ཨེ། མ་བསམ་ས་ནས་ཁྱོད་གཉིས་ཀྱང་འབྲེལ་བ་ཡོད་ལེ་ཨེ་རེད། “ཅེས་མོ་ཡི་ལག་པ་ནས་འཇུས་ཏེ་ཚུར་ཤུགས་ཀྱིས་འཐེན་སོང་བས་མོས་ཕར་འཐེན་པའི་ཤུགས་རྒྱག་གླགས་མ་རྙེད་གོང་མོ་ཁོའི་བྲང་ཁོག་ཏུ་ཚུད།  ཁོས་དཀར་མཚོ་རང་གི་བྲག་ཁོག་ཏུ་ཤུགས་ཀྱི་བཙིར་ནས་མོའི་ཁ་ངོར་ལྟ་ཡག་བྱས་ཏེ་མོས་ད་སོ་མ་སླས་པའི་མེ་ཏོག་གི་དོ་ཤལ་ལ་མཛུབ་མོ་ཀེར་ནས”ཁ་ཡག་སྐྱེ་ཡག་མ་ཁྱོད་ནི་ངོ་མ་མེ་ཏོག་གི་དོ་ཤལ་འདི་དང་ཨ་ན་མ་ན་རེད།  ང་འཆུག་མེད་ན་ཁྱོད་ད་ལོ་བཅུ་དྲུག་སྨྱུག་མའི་ལྷུ་ཚིགས་ལ་སོན་ཡོད།  དེ་ཨེ་རེད།  ཨོ་་་མེ་ཏོག་འདི་ཁྱོས་ང་ལ་སླས་པ་མ་རེད་དམ།  ཡག་པོ་འདུག ང་མགུ་བོ་བྱུང་། “ཅེས་བརྗོད་དེ།  ན་ཚོད་སྨིན་པའི་མེ་ཏོག་འདི་ལྟ་བུ་ཨ་ཚ་ཕུག་ཐུབ་སོང་ན་ད་གཟོད་ངའི་འདོད་པ་ཚིམ་སོང་བ་རེད་སྙམ་ནས།  “དོན་གྲུབ་ཀྱིས་ཁྱོད་སྲུང་ཐུབ་ཀྱི་རེད་བསམ་གྱི་འདུག་གམ།  སྣང་བ་མཐོ་མདོག་མ་བྱེད།  ཁྱི་རྒན་དཔའ་མེད་ཁོའི་མིང་བོས་ན་ང་སྐྲག་གི་རེད་བསམ་པ་ནི་འཆུག་སོང་བ་རེད།  ང་རྡོ་བཀྲ་ས་གསུམ་སྐད་ཀྱིས་ཆོད་པ་སུ་ལའང་སྐྲག་མ་མྱོང་བས།  ཁྱི་རྒན་ཁོ་ངའི་དགྲ་ལ་ལངས་ན་འབུ་ཚེ་ཟད་མར་མེའི་ཐོག་ལ་འཁོར་བ་རང་རེད། ” ཅེས་རྫིག་རྫིག་བརྗིད་བརྗིད་ཀྱི་སྐད་ཆ་བཤད་ཞོརདཀར་མཚོ་མར་མནན་ཏེ།  མོའི་དམར་ཞིང་འཇམ་པའི་མཁུར་ཚོར་རང་གི་འགྲམ་པ་བཙན་གྱིས་སྦྱར་ནས།   མཆུ་ཏོས་མཁུར་སྒོ་དང་མ་ནེ།  ཁ་ཁུག་གཡས་གཡོན་སོགས་སུ་རེག་རེག་བྱེད་ཀྱིན་ལག་གཡས་མྱོས་བུམ་འཕུར་མཉེད་བཏང་བར་བརྩམས་ཤིང་།  ལག་གཡས་བྲང་ཁ་ནས་མར་མནན་ནས་ཆགས་གཏམ་འདྲ་མིན་ཞིག་བཙན་གྱིས་མོའི་རྣ་བའི་བུ་གར་ལྡུད་ཅི་ཐུབ་བྱས།  རྡོ་བཀྲའི་ལུས་ཕུང་ཆེ་རྒྱུ་མེད་ཀྱང་ཁོ་ནི་ཕོ་དར་མ་ཞིག་ཡིན་པས་བུ་མེད་ལོ་ཆུང་ཞིག་གིས་ཁོའི་ཤེད་ཤུགས་ལ་འགྲན་ག་ལ་ཐུབ།  མོས་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་སྤྱད་དེ་ཇི་ལྟར་འཕགས་ཀྱང་རྡོ་བཀྲ་ནི་སྲ་ལ་ཤེད་ཤུགས་འཛོམས་པས་ངལ་བ་འབྲས་མེད་གྱུར།   རྡོ་བཀྲས་མེ་ཏོག་ལྟ་བུའི་མཛེས་མ་ཞིག་ས་སྟོང་ལུང་སྟོང་འདི་འདྲ་ལ་ལག་ཏུ་ཐོབ་དུས་རེམ་མ་གོ་སྐབས་མ་བཟུང་ཚེ།  ཁྲིག་ཁྲིག་མིན་ན་མོས་དོན་གྲུབ་དང་ཐུག་རྒྱུའི་ཁ་ཆད་བྱས་ཡོད་ཀྱང་སྲིད་སྙམ་ནས།  རྟབ་རྟབ་པོར་མོའི་ཐོག་ཏུ་བཞོན་ནས་བཙན་ཤེད་དང་དབང་ཡོས་ཀྱིས་སྤྱང་ལྟོགས་ཤ་ལ་རྔམ་པ་ལྟར་མོའི་སློག་པར་སྦར་འབྲད་དང་བཅས་བཤུས་གང་ཐུབ་དང་།  བྲང་མགོ་དང་སྐེ་གཞུག་གི་ཤ་རྗེན་མཐོང་ཚད་ལ་མཆུ་བསྲིངས་ནས་འོ་བྱས།  མོས་འཇིགས་དངངས་དང་ཁོང་ཁྲོ་བསྡེབས་པའི་ངུ་ངག་གི་སྐད་ངན་འབྱིན་བཞིན་མགོ་འཕགས་ལུས་འཕགས་དང་རྐང་རྡེག་ལག་རྡེག་གིས་ཁོའི་ངན་ཤེད་ལ་ཕར་རྒོལ་མཐའ་གཅིག་ཏུ་བྱས་ནས་སོ་དང་འབྲེད་ཤད་གང་བྱུང་དུ་བཏབ།

མོས་དེ་ལྟར་ཁོ་ཡིས་བཙན་ཚུགས་ལ་མཐའ་གཅིག་ཏུ་རྒོལ་བར་ནུས་པ་ཆེན་པོ་ཞིག་མ་ཐོན་རུང་།   དཀར་མཚོས་སྟབས་བདེ་བོའི་ངང་ཁོས་བུ་མོ་གཞན་ཐུབ་པ་ལྟ་བུའི་ལམ་དུ་འགྲོ་རུ་མ་བཅུག་བས།  རྡོ་བཀྲ་མོའི་མེ་ཏོག་བླང་རྒྱུ་ལ་དེ་བས་རྔམ་པའི་བརྐམས་ཆགས་ཀྱིས་མྱོས་ཚོར་དྲག་ཏུ་འཕྱོ་ནས།  བཙན་ཤེད་དེ་ལས་ཆེ་བ་བཀོལ་ཏེ་དཀར་མཚོ་ད་ལྟ་ཉིད་དུ་ཕོ་མོའི་འདོད་པའི་གཞི་རུ་ཁྲིད་རྒྱུ་ལ་ནུས་ཤུགས་འདོན་བཞིན་པའི་སྒང་དེར།   དོན་གྲུབ་ཀྱིས་རྟ་རྐྱང་བོ་སྒ་སྟན་མེད་པ་ཞིག་བཞོན་ནས་རྟ་ལྕག་གནམ་ལ་འཕྱར་བཞིན་ཀི་རིང་དང་བཅས་རྒྱུག་ཡོང་།   འཇམ་འཇགས་པའི་རི་སྟོང་ཐོག་རྟ་ཕོ་རྒྱུག་པའི་རྨིག་སྒྲ་དང་སྐྱེས་པས་སྒྲོག་པའི་ཀི་རིང་ནི་དེར་ཡོད་མི་ཡིས་མི་གོ་ཟེར་ན་རྣར་འགྲོ་དཀའ་ཡང་རྡོ་བཀྲས་དེ་དག་སྣང་བ་ཡེ་ནས་མ་བྱུང་།   འདི་ནི་གཞན་ཅི་སྟེ་རྡོ་བཀྲའི་ལུས་ཀྱི་དབང་རྩ་་དང་ཚོར་ཤེས་ཡོད་ཚད་དཀར་མཚོའི་ལང་ཚོའི་མེ་ཏོག་ལ་ཟུགས་ཡོད་པས་ལོས་ཡིན།   དཀར་མཚོ་ཡང་འཇིགས་སྐྲག་དང་སྔངས་འཚབ་ཀྱིས་ལུས་ཀྱི་ཟུངས་ཤུགས་ཟད་ནས་ཡོད་ལ་ཁོའི་རྩུབ་སྤྱོད་ལ་ཕར་རྒོལ་བྱེད་བཞིན་ཡོད་པས་དོན་གྲུབ་རང་ཉིད་ཀྱི་རྒྱབ་རྩར་ཤོར་ཡོང་གི་ཡོད་པའི་སྣང་བ་མ་བྱུང་།   དེ་ལྟར་དོན་གྲུབ་ཁོ་གཉིས་ཀྱི་རྟོད་ཐག་ཙམ་གྱི་ཁད་ལ་སླེབས་དུས་གཞི་ནས་རྡོ་བཀྲར་སྣང་བ་བྱུང་ཡང་།   ཁོ་ནི་ངན་ལང་ཤོར་བའི་གཤིས་རྩུབ་ཅན་ཞིག་ཡིན་སྟབས་དོན་གྲུབ་ཤོར་ཡོང་བ་ལ་ཁ་ཡ་ཙམ་ཡང་མ་བྱས་པར་མུ་མཐུད་དེ་བཀྲ་མཚོ་བྲང་འོག་ཏུ་མནན་ནས་མཉེ་སྤུག་བྱེད་གང་ཐུབ་ལ་རེམ།   དུས་ཀྱི་སྐར་ཆ་ཙམ་གྱི་ནང་དོན་གྲུབ་ཀྱང་ཁོའི་འཁྲིས་སུ་བསླེབས་ཏེ་རྟ་ཐོག་ནས་མར་མཆོང་མ་ལྡིང་གིས་དཔའ་ངར་ཆེན་པོས་ཤོར་ཡོང་ནས།   “སྐྱེས་ཕོ་རབ་གྱི་མིང་རྫོད་ཁྱོད་”ཅེས་ཁོའི་སོག་རུས་ལ་གཏད་དེ་ལྕག་ཚན་གྱིས་བསྣུན་པས།   རྡོ་བཀྲས་དཀར་མཚོ་ཡི་འཕང་ནས་རྟབ་རྟབ་པོར་ལུས་གཅུ་ཙམ་བྱས་ནས་གཟུར་བ་ན་ལྕག་ཚན་གྱི་སྣེ་མོ་ཙམ་ཞིག་ཁོའི་ཨོང་ཟུར་ལ་ཕོག་པ་ལས་ཕོན་ཆེ་བ་དེ་ནི་དཀར་མཚོའི་བརླ་ཐོག་ཏུ་ཁེལ་སོང་།

དོན་གྲུབ་ཀྱིས་དེ་མུར་མོའི་ལག་པ་ནས་འཇུས་ཏེ”དཀར་མཚོ་ཁྱོད་སྐྱོན་མ་སོང་ངམ།  མ་སོང་།  ངོ་མ་ཨེ།  དེ་ན་བཟང་ཐལ།  ཞེས་དོན་གྲུབ་ཀྱིས་མོ་ལ་སེམས་ཁུར་བྱས་པས་སྐབས་ཤིག་རིང་རྡོ་བཀྲ་སྣང་ཡུལ་ནས་བརྗེད་སོང་།   མོས་འཚབ་བི་འཚུབ་བེ་ངང་ཡར་ལང་ཞོར་སྟོད་ཐུང་གི་གོང་ཁ་རུབ་རྩིས་བྱས་པ་ན།  བྲང་ཁོག་ཐད་ཀྱི་སྒྲོག་གུ་གསུམ་ཏག་ཏག་ཆད་ཡོད་པས་དཀར་ལང་ངེར་དུ་སྨིན་པའི་དཀར་མཚོའི་བཅུ་དྲུག་འོ་འཛིན་དེ་དོན་གྲུབ་ཀྱི་མིག་ཀོང་དུ་ལྷང་སེ་འཛུལ་ཡོང་བ་ན།   ཁོས་ཆེད་དུ་མོ་ཡི་འོ་འཛིན་ལ་དམིགས་མེད་ཀྱང་དེ་མུར་ཧད་སོང་།   མོས་རང་གི་འོ་འཛིན་དོན་གྲུབ་ཀྱིས་མཐོང་བ་སྣང་བ་བྱུང་བས་གདོང་དམར་པོའི་ཐོག་ལ་དམར་པོ་ཆགས་ནས།  ཁ་ཕར་གཅུས་ཏེ་སྟོད་ཐུང་དང་སློག་པ་གྱོན་བསྐྱོར་བརྒྱབས་ཏེ་ཁ་རོག་གེར་མགོ་སྨད་དེ་བསྡད།

སྐབས་དེར་རྡོ་བཀྲས་གད་མོ་སང་སྒྲ་གྲགས་པ་ཞིག་བགད་ནས”ཨ་རོགས་ཁྱོད་ངེད་གཉིས་དམིགས་ཡུལ་གཅིག་རེད་འདུག ད་བྱས་དུས་ཁྱོད་ཀྱང་མོའི་མེ་ཏོག་ལ་བརྔམས་ནས་ཡོང་བ་མིན་ནམ།   ཤོག་ཡ་འུ་གཉིས་མཉམ་ལས་བྱས་ན་མི་ཆོག་རྒྱུ་ཅང་མེད་”།  ཅེས་དོན་གྲུབ་གྱི་ཕྲག་པར་ཐལ་ཕྱགས་ཡང་མོ་ཞིག་བྱས་ནས་གྲོས་ཁ་བཏོན་བའི་ཚུལ་གྱིས་སྨྲས་པ་ན།  དོན་གྲུབ་གཞི་ནས་སད་དེ་ཁོའི་ཕྲག་མགོར་བཞག་པའི་རྡོ་བཀྲའི་ལག་པ་ཤུགས་ཀྱིས་ཕར་གཡུགས་ཏེ་”ཁྱི་རྒན་ཁྱོད་ཀྱིས་ང་མི་ངན་ཁྱོད་འདྲ་བའི་ཚད་དུ་བཞག་ཡོད་དམ།  ཁྲེལ་མེད་ཁྱོད་ལ་དེ་རིང་སྣ་སུན་ཞིག་སྤྲད་དེ་ཆམ་ལ་མ་ཕབ་ན་ང་བུ་མིན་”།  ཞེས་སེམས་ཀྱི་གཏིང་ནས་ཁོ་དང་འཐབ་རྒྱུ་ལ་སྤོབས་པ་མེད་ཀྱང་དཀར་ཚོའི་མདུན་ནས་ཕོ་ཉམས་མི་དོར་བའི་སྡིགས་སྐུལ་བྱས།  དོན་དངོས་ཐོག་སུ་ལའང་སྣང་བ་མི་འཇོག་པའི་རྡོ་བཀྲའི་རྩུབ་ཅིང་གྱོང་བའི་གཤིས་ཀ་དང་དོན་གྲུབ་ཀྱིས་གཡུགས་པའི་ལྕག་ཚན་ལ་རྡོ་བཀྲས་བདེ་ཅག་འཁྱུག་པོས་གཟུར་བ་དེས་དོན་གྲུབ་ཀྱི་དཔའ་སྤོབས་ལ་གཉའ་བཅག་ཚར་བ་ཡིན།

རྡོ་བཀྲས་སྙིང་སྟོབས་ཆེན་པོས་”ཆོག་འདུག ཁྱོད་ཁ་ཕོ་མ་ཆེ།  བུ་མོ་མེ་ཏོག་འདྲ་བ་འདི་འུ་གཉིས་སུ་རྒྱལ་ན་དེ་ཡིས་ལས་རྒྱུ་ཡིན།  ཁྱོད་བུ་དཔའ་ངར་ན་ཤོག་ཡ”ཟེར་ནས།  དཔུང་ལག་བརྫེས་ཀྱིན་ངར་སྒྲ་དང་བཅས་ཤོར་ཡོང་ནས་ལག་གཡོན་མས་དོན་གྲུབ་ཀྱིས་ཐོང་རྩར་འཇུས་ཏེ་གཡས་པས་ཁུ་ཚུར་རྡོ་འདྲ་བོ་བསྒྲིགས་པ་དེ་སྣ་ཁུག་ལ་གཏད་དེ་གཅིག་གཡུགས་པ་ན།  དོན་གྲུབ་ཀྱིས་གཞའ་ཙམ་བྱས་ཀྱང་མིག་ཀོང་གི་རུས་ཐོག་ཏུ་ཏག་ཏག་ཕོག་སོང་བས་སྐར་མ་ཁྲ་ཆིལ་ལེར་ཤར་ཡོང་།  དོན་གྲུབ་ན་ཟུག་གིས་མི་བཟོད་ཀྱང་ལག་ཆ་མ་སྤྱད་ན་ཁོ་དོ་ཟླ་དཀའ་བ་འདུག་སྙམ་ནས།  གློ་གྲི་མགྱོགས་པོ་ཤུབ་ནས་བཤངས་ཏེ་སྨྱོ་བ་བཞིན་གང་བྱུང་དུ་བསྣུན་ཡོང་བས།  རྡོ་བཀྲས་རང་ཉིད་ཀྱི་ལུས་པོ་འགེབས་སྲུང་ཙམ་བྱེད་པ་ལས་ཕར་རྒོལ་བྱེད་པའི་གླགས་མ་རྙེད།  དཀར་མཚོས་སྐྱེས་པ་གཉིས་སྲོག་སྡོས་ནས་འཛིང་རེས་བྱེད་པ་འདི་ལ་འཇིགས་སྐྲག་དང་དངངས་སྐྲག་གིས་ངུ་འབོད་བྱེད་པ་ལས་བྱ་ཐབས་ཅི་ཡང་མ་བྱུང་།   དེ་ལྟར་ཁོ་གཉིས་རྡུང་རེས་ལེན་ལྔ་དྲུག་ཙམ་བྱས་པའི་མཚམས་ནས།   རྡོ་བཀྲའི་ཕྲག་པར་དོན་གྲུབ་ཀྱིས་གྲི་བསྣུན་སོང་བས་ཁྲག་དམར་པོ་ཞིག་ཕུ་ཐུང་གི་སྣེ་ནས་ཐིགས་འོངས།  འོན་ཀྱང་རྡོ་བཀྲ་སྔར་ལས་ངར་ཆེ་རུ་ཕྱིན་ཏེ་ཁོ་ཡི་ལག་གི་གྲི་ལ་མི་འཛེམ་པར་དྲག་འཛིང་བྱས་ཡོང་བ་ན་དོན་གྲུབ་ཀྱིས་རང་བཞིན་དུ་གྲི་ཁ་སྒྱུར་སྟངས་ལ་ཚོད་འཛིན་བྱེད་དགོས་བྱུང་།

དུས་དེཙ་ན་དོན་གྲུབ་ཀྱི་ཕུ་བོ་དབང་ཆེན་རྫི་བོ་སྐོར་ཞིག་གི་ལམ་སྣེ་འཁྲིད་དེ་ཁོ་གཉིས་ཀྱི་འཐབ་ས་ལ་འབྱོར།  ཁོས་དཀར་ཚོ་མཐོང་ཡང་སྐད་ཆ་ཅི་ཡང་མ་དྲིས་པར་ཤར་རེར་རྒྱུག་ཡོང་ནས་འཛིང་མོའི་བར་དུ་འཚང་ནས་བར་དུམ་བྱས།  དོན་གྲུབ་ཀྱི་ཕུ་བོ་མཐོང་བས་རང་ཉིད་ཀྱི་དཔུང་རོགས་བློ་ཁེལ་ཤོག་ཅིག་རམ་འདེགས་སུ་ཡོང་བ་ལྟ་བུའི་ཚོར་བ་སྐྱེས་ནས་དཔའ་སྤོབས་ཇེ་ཆེར་སོང་།  རྡོ་བཀྲས་ད་ལྟ་དབང་ཆེན་གྱིས་རྒྱབ་ལངས་མ་བྱས་ཀྱང་མུ་མཐུད་ཨུ་ཚུགས་ཀྱིས་འཛིང་ན།  ལག་མང་ཐུག་ནས་ཕམ་རྒྱུ་ལས་མེད་པ་ཤེས་ནས་དབང་ཆེན་གྱི་བར་དུམ་ལ་རྩི་སྲུང་བྱས།   དཀར་ཚོ་དོན་གྲུབ་ཀྱི་ཁད་ལ་བཅར་ནས་སེམས་ཁུར་ཆེན་པོས་”ཁྱོད་དགོངས་པ་མ་ཚོམ།   ངའི་དོན་དུ་ཁྱོད་ཀྱི་མིག་ཀྱང་རྨས་འདུག དངོས་གནས་བྱས་ན་་་་དེ་ནས་མོས་ཅི་ཞིག་བཤད་རྩིས་བྱས་ཀྱང་།  ཕུ་བོ་དབང་ཆེན་གྱིས་དོན་གྲུབ་འཁྲིད་དེ་ཅི་ཡང་བཤད་མ་བཅུག་པར་བུད་སོང་བས་ཁོ་མོ་སྐྱོ་སྣང་གི་འགྱོད་པ་ཞིག་གིས་རབ་ཏུ་གདུང་།  རྡོ་བཀྲ་ཡང་དབང་ཆེན་གྱིས་ཅི་ཞིག་བཤད་དེ་ས་དེ་ནས་ཁ་བྲལ་དུ་བཅུག་སོང་བས།  དུས་ཚོད་ཀྱི་སྔ་ཆ་ཙམ་དུ་རྡུང་རེས་འབོད་རེས་བྱས་སའི་གཡུལ་ས་འདི་ན་ད་ནི་དཀར་མཚོ་ལས་ལྷག་མེད།  རིང་པོ་མ་ཐོགས་པར་ཉི་མ་ཡང་ལ་རྒྱག་འགྲོ་བས་དཀར་མཚོས་ཀྱང་གནག་ཕྱུགས་དེད་དེ་ཡུལ་དུ་ལོག

དོན་གྲུབ་ཀྱི་མིག་གཡོན་མ་ཆུ་རྡོ་སྔོ་རིལ་བཞིན་དུ་སྐྲངས་ཡོད་ཀྱང་།   ནུབ་དེར་ཁོས་དེ་ནི་དེ་རིང་རང་ཉིད་ལ་ཐོབ་པའི་རྒྱལ་ཁ་ལ་རློམ་གྱིན་ཡོད།  མ་གཞི་ཁོ་རྡོ་བཀྲ་དང་འཐབ་རྒྱུའི་དཔའ་སྤོབས་ཀྱི་སྙིང་རུས་སྔ་ས་ནས་ཤི་ཟིན་རུང་།  ཨུ་ཚུགས་དང་སྡུག་རུས་ཀྱིས་རྡུང་རེས་ལ་གཞོལ་བ་ནི་ཁོས་དཀར་མཚོའི་བློ་སེམས་སྲོང་བོ་རང་གིས་དགུག་ཐུབ་ན་སྙམ་པ་ཡིན།   “དངོས་གནས་བྱས་ན་་་”ཟེར་བའི་དཀར་མཚོའི་སྐད་ཆ་ཆད་རོ་དེས་ཁོ་ལ་རེ་བ་སྣོན་མ་ཞིག་སྤྲད་ཡོད་པས།  དོན་གྲུབ་ཀྱིས་དཀར་མཚོའི”དངོས་གནས་བྱས་ན”ཞེས་པའི་སྐད་ཆའི་མཇུག་ལ་གོ་བ་དང་ཚོད་བགམ་སྣ་ཚོགས་བྱས་ཏེ་རང་གི་སྤྲོ་བ་བསྲིང་ཐབས་བྱས་ནས་བསྡད།  དབང་ཆེན་གྱིས”ང་ཚོའི་ཁྱིམ་རྒྱུད་ཀྱི་ལུགས་སུ་བུ་སྤུན་ཚང་མར་གནའ་མ་གཅིག་ལས་ལེན་སྲོལ་མེད་གཤིས་ཁྱོས་དགོས་མེད་ཀྱི་རྩོད་པ་བསླང་གིན་མ་འདུག ང་ཚོའི་ཡབ་ཆེན་དམ་པས་ང་ཚོར་བླངས་པའི་ཆུང་མས་གནས་ཚུལ་འདི་ཤེས་སོང་ན་ཁོ་མོ་བློ་ཕམ་རྒྱུ་རེད།  མ་ཟད་སྡུག་ཉེས་ན་ཁྱིམ་ཚང་ཡང་ཐོར་ཉེས་ཆེ་བས་ཁྱོས་ཀྱིས་དཀར་མཚོ་ཟེར་བའི་བུ་མོ་དེ་ད་ནས་བློས་བཏང་དགོས་པ”སོགས་སླབ་འདོམས་ཉུང་རྒྱུ་མེད་པ་ཞིག་དོན་གྲུབ་ཀྱི་དར་ལུང་རྣ་བར་བརྫངས་ཀྱང་།  དོན་གྲུབ་ཀྱིས་ཕུ་བོའི་སྐད་ཆ་ནི་རང་ཉིད་དང་འབྲེལ་བ་ཡེ་ནས་མེད་པའི་ཚོད་དུ་བསྐྱུར་ཏེ་དཀར་མཚོ་སྐོར་གྱི་དྲན་འཆར་སྣ་ཚོགས་ཤིག་བསྡུས་ནས་འདུག ཐ་ན་ཁོ་བོས་རྡོ་བཀྲས་བརྡུང་བའི་ཁུར་ཚུ་དེ་ཡང་བརྗེད་ཡོད་པ་འདྲ།

རྡོ་བཀྲའི་སེམས་སུ་དེ་རིང་ཕམ་ཁ་ཆེ་ཤོས་ཁུར་མཁན་རང་ཉིད་ཡིན་བསམ་ནས་མཚན་གང་བོར་གནོང་འགྱོད་དང་ངོ་ཚས་གཉིད་མི་ཁུག་སྟབས།   མལ་སའི་ཐོག་ཏུ་འཕག་ར་བྱེད་ཀྱིན་དེ་རིང་བྱུང་བའི་གནས་ཚུལ་ཐ་དག་ལ་ཕྱིར་དྲན་ཡང་ནས་སྐྱར་དུ་བྱས།  ནམ་རྒྱུན་དཀར་མཚོའི་ལོ་ཚོད་དུ་ཡོད་པའི་བུ་མོ་དག་དང་རྩེད་དུས།  ཕམ་ཁའི་འབྲས་བུ་ལས་མེད་པའི་དེ་རིང་ལྟ་བུའི་དཀའ་ཚེགས་རྒྱུད་མ་དགོས་པར་སྟབས་བདེ་བོར་འདོད་པའི་ཚལ་དུ་བསྐྱོད་ཐུབ་པ་བསམ་ཚེ།   དཀར་ཚོ་ནི་རང་ཉིད་ཀྱི་དུས་རྒྱུན་མིག་ནང་མཐོང་བའི་གཉོམ་ཆུང་ནུས་མེད་ཅིག་དང་བསླུ་སླ་བའི་མགོ་ཡང་མ་ཞིག་མིན་པའི་ར་འཕྲོད་བྱུང་།   རྡོ་བཀྲས་དེ་ལྟར་འདང་རྒྱག་གིན་རྒྱག་གིན་ཧོབ་དེ་སུ་ཞིག་གིས་དཀྲོགས་པ་ལྟར་ཙོག་སེ་ལངས་སོང་།   དེ་ནི་ཁོས་དོན་གྲུབ་ཀྱིས་སྲོག་བཙུགས་ཏེ་དཀར་མཚོའི་རྒྱབ་ལ་ལངས་ནས།  རང་གི་རྙེད་དཀའ་བའི་སྐལ་བ་དང་འདོད་པ་ལ་ཧམ་པ་ཆེན་པོས་བཀག་འགོག་གི་འདྲེ་ལག་བསྣར་ཡོང་བའི་ཚུལ་དེ་དྲན་པ་རེད།  ཁོས་རང་གི་དྲན་ཤེས་ལ་གསལ་ཁ་ཇི་སྲིད་ཕྱེས་ཀྱང་ཁོ་གཉིས་བར་ལ་འབྲེལ་བ་ཡོད་པའི་ཁུང་སྣེ་རྟ་རྔ་ཙམ་ཡང་མ་རྙེད།  འོན་ཀྱང་དོན་གྲུབ་བསླེབ་གྲབས་ཡོད་ཟེར་བའི་དཀར་མཚོའི་སྐད་ཆ་དེ་ཡང་ཏག་ཏག་བདེན་དུ་གྱུར་བས།   ཁོ་དེ་བས་ཁོ་གཉིས་བར་དུ་རྟོགས་དཀའ་བའི་ལྐོག་འབྲེལ་ཅི་ཞིག་ཡོད་པར་དོགས་ནས་དོན་གྲུབ་ལ་སྡང་ཟུག་དང་འཁོན་སེམས་བསྣོན་མ་ཞིག་སྐྱེས།

དཀར་མཚོའི་ངོས་ནས་བཤད་ན་དོན་གྲུབ་དང་རི་མགོ་ལ་མཚམས་ལ་རེར་ཐུག་མྱོང་བ་ཙམ་ལས་འབྲེལ་བ་གཞན་མེད་ཀྱང་།  དོན་གྲུབ་ནི་མོ་མཐོང་ཐེངས་རེར་ཉིན་གཅིག་གི་དོན་འགངས་ཆེ་ཤོས་དེ་བསྒྲུབས་ཟིན་པ་ལྟར་དགའ་ཚོར་གྱིས་བརྟས་ནས་ཡོད།  དེ་རིང་ཏག་ཏག་ཁོ་ཡང་དཀར་མཚོའི་ཕྱུགས་རྭ་ཡོད་སར་འགྲོ་རྒྱུ་སྟ་གོན་བྱེད་པའི་སྐབས་དེར།  ཁོ་ཚང་གི་རྫི་བོས་རྡོ་བཀྲས་དཀར་མཚོ་ཡི་རྗེས་དེད་སོང་བའི་ཆ་བརྒྱབ་ཡོད།  དེ་ན་ཁོས་དེ་རིང་རང་ཉིད་དཀར་མཚོ་ལ་སེམས་པ་རྣམ་དག་ཡིན་པའི་དཔང་རྟགས་གསལ་ཤོས་དེ་བསྟན་དགོས་བསམ་སྟེ་ཁོ་མོའི་རྗེས་སྙེགས་ནས་སོང་བ་རེད།  འོན་ཀྱང་དེ་རིང་ཁོའི་དཔུང་ཤུགས་ཀྱིས་དཀར་མཚོ་ཡི་སྔོན་ནས་རྡོ་བཀྲ་ཟིལ་གྱི་གནོན་མ་བཏུབ་ཀྱང་།  ཁོ་མོའི་དོན་དུ་རང་གིས་ཅི་ཡང་བསྒྲུབས་ཐུབ་པའི་བརྩེ་དུངས་དང་ཆོད་སེམས་བཅངས་ཡོད་པ་ཤེས་བཅུག་ཡོད།  དྭངས་གཙང་གི་ལུས་ལ་ནག་ནོག་གི་བཙོག་གྲིབ་འགོ་གྲབས་བྱས་པའི་ཉེན་ཁ་ལས་ཐར་བའི་དཀར་མཚོའི་སྙིང་ད་དུང་གཡུག་གིན་ཡོད།   མོས་དོན་གྲུབ་ཀྱིས་ཉེན་ཁ་ལའང་མི་འཛེམ་པར་ཡ་ཡུད་ངང་རྡོ་བཀྲ་དང་དྲག་འཛིང་བྱས་པའི་རྣམ་འགྱུར་ལ་ཞིབ་འདང་འཕངས་པ་ལས།  དོན་གྲུབ་ཀྱི་བློ་རང་ཉིད་ལ་བབས་ཡོད་པའི་ཚོར་སྣང་བྱུང་སྟེ་གློ་བུར་དུ་ངོ་ཚ་ཞིག་སྐྱེས་ནས་གདོང་ཚ་ལམ་ལམ་གྱུར།  གང་ལྟར་དྲིན་འཇལ་དགོས་པས་ཇི་ལྟར་བྱས་ན་ལེགས་ཚུལ་བསམ་གཞིག་གཏོང་གིན་ཁོ་མོ་གཉིད་དུ་ཡུར།   ཉིན་དེ་ཡི་ཁོང་ཚོའི་འཁྲབ་ཚན་དེ་ནི་དེ་ལྟར་མཇུག་རྫོགས་སོང་ནའང་།   དེ་ནས་བཟུང་རྡོ་བཀྲ་ཡི་སེམས་ནང་དུ་དོན་གྲུབ་ནི་མིག་ནང་གི་གྲ་མར་གྱུར་ཡོད་པ་དང་།  དོན་གྲུབ་ཀྱིས་དཀར་མཚོས་ནམ་ཞིག་རང་ཉིད་བཙལ་དུ་ཡོང་བའི་རེ་བལྟོས་བཅངས་ཏེ་བསྒུགས་ནས་བསྡད།

ད་ནི་དཔལ་དུ་འབར་བའི་དབྱར་གྱི་དུས་ཚིགས་ཁྱད་པར་བ་དེ་མིག་རྡེབ་དབང་ཙམ་གྱི་ཡུན་ནས་སུ་ཞིག་ཡི་ཕག་ཏུ་ཡལ་སོང་བས།   ལྗོན་ཤིང་གི་སྡོང་ལོ་ཡོད་ཚད་སྟོབས་ཟད་དེ་ཉིན་རེ་བཞིན་སྐྱ་ཧར་རེར་དུ་བུད་པའི་སྟོན་དུས་སྐྱ་བོ་མ་བོས་རང་བྱོན་གྱི་མགྲོན་དུ་བསླེབས་འདུག སྟོན་ཟླ་སྐྱ་མོ་ནི་ཞིང་པ་ཚོ་ལ་མཚོན་ན་བྲེལ་ཟིང་ཆེས་ཆེ་བའི་སྒང་ཡིན་ནའང་འབྲོག་ལས་གཉེར་མཁན་ནི་ཆེས་སོས་དལ་ཤོས་ཀྱི་ནམ་ཟླ་ཞིག་ཡིན།  ཟླ་བ་འདི་ནི་ཕྱུགས་ཟོག་གི་ཤ་ཤེད་ཀྱང་ལྷག་ཏུ་རྒྱས་པའི་དུས་ཀྱི་རྫོགས་ལྡན་ཞིག་ཡིན་པས།  དུད་ཚང་མང་ཤས་ཤིག་གིས་སྟོན་བཤས་བྱས་ནས་ཟ་བཏུང་གི་སྟོན་མོ་ལ་རོལ་བཞིན་བསྡད་ཡོད།

སྐབས་དེར་ཡུ་ལེ་ཚང་གི་ཚེ་ཡག་མ་བུ་གཉིས་ཀྱང་ཁོང་ཚང་གི་རུ་སྟོན་མཚེར་ལ་སྤར་ནས་མ་ཡོས་སྡེ་བའི་དུད་ཚང་བྱིངས་དང་མཐུན་པར་སོས་དལ་ངང་ཕྱི་ཇ་འཐུང་གིན་བསྡད་ཡོད་པའི་སྒང་ཞིག་ལ།  རྒྱང་ནས་སྐྱ་མི་ཞིག་ཁོང་ཚང་གི་སྦྲ་སྒོར་གཏད་དེ་བསླེབ་ཡོང་བས་དཀར་མཚོས་”ཨ་མ་གན་གི་སྐྱ་མི་དེ་ངེད་ཚང་ལ་ཡོང་མཁན་གྱི་མགྲོན་པོ་ཞིག་རེད་འདུག་ལྟོས་དང་”ཞེས་མཛུབ་མོ་ཀེར་ནས་ཨ་མར་བསྟན་སོང།   ཨ་མ་ཚེ་ཡག་གིས་མཛུམ་མོ་ཀེར་སའི་ཕྱོགས་སུ་ལྟ་བཞིན་”འོ་འདུག  དོན་དག་ག་རེ་ཡོད་ན།   སུ་རེད་འདུག་ངོ་ཨེ་འཛིན་གི”ཞེས་ལན་ཐེབས་དཀའ་བའི་དྲི་བ་ཞིག་དྲིས་སོང་།  དཀར་མཚོས་ཅང་མ་ལབ་པར་མི་ཤེས་པའི་ཚུལ་ལ་མགོ་བོ་འཕྲེད་དུ་གཡུག  དོན་ངོ་མ་སྐྱ་མི་དེ་སུ་ཞིག་ཡིན་པ་དང་དོན་གང་གི་ཆེད་དུ་ཡོང་མིན་གསལ་ཤོས་ཤེས་མཁན་ནི་ཨ་མ་ཚེ་ཡག་རང་ཉིད་ཡིན།   མི་དེ་ནི་ཨ་མ་ཚེ་ཡག་གིས་རང་གི་བུ་མོ་ཉིན་རེ་ལས་མི་འགོར་བར་ལུས་ལང་ཚོ་རྒྱས་འགྲོ་བ་ཤེས་པ་དང་སྡེ་བའི་ནང་དུའང་བུ་མོའི་སྐོར་གྱི་ལབ་གླེང་མང་པ་ཞིག་ཡོད་པ་ཐོས་ནས།   བུ་མོའི་མ་འོངས་བའི་མེ་ཚེ་འགྲོ་སྟངས་ཐད་ལ་བསམ་མནོ་དྲུག་གསུམ་བཅོ་བརྒྱད་བཏང་སྟེ་ཆེད་དུ་བོས་པའི་མ་འོངས་བའི་དཀར་མཚོའི་སྒྱུག་པོ་རེད།  ཁོ་ནི་ཕྱེ་བོ་སྡེ་བའི་ཇེ་དགའ་ཚང་གི་ཚེ་སྐྱབས་ཡིན།  ཨ་མ་ཚེ་ཡག་གིས་དེ་མུར་དཀར་མཚོ་ནོར་ལུག་འཚོ་རུ་འགྲོ་དགོས་པའི་མངགས་ཆ་བྱས་ནས་བཏང་སྟེ།  རང་ཉིད་མགྲོན་པོ་གལ་ཆེན་དེའི་སྔོན་བསུ་རུ་ཕྱིན་ནས་རྟ་དེ་སྒ་ཆས་ཐོགས་ཐོགས་ལ་ཆོན་ཐག་གི་སྣེ་རུ་བཏགས་ཏེ་ཁོ་ནང་དུ་ཕེབས་དགོས་པའི་ལག་བརྡ་བྱས་ནས།

“ཨ་རོགས། ” “ལམ་བར་ལ་དཀའ་ཨེ་སོང་། ” “མ་སོང་མ་སོང་། ” “ཁྱོད་ཚོ་བདེ་བོ་ཨེ་ཡིན། ” “ཡིན། ” “ངས་ཁྱོད་མགྱོགས་པོ་འདི་འདྲ་ལ་ཡོང་གི་རེད་བསམ་མ་བྱུང་། ” “ད་ནང་ལངས་ཕྱི་བས་བསྡུ་གསོག་ཡག་པོ་རེད་མེད། ” “འོ་ཅི་མི་སྐྱོན། ”

ཁོ་གཉིས་དེ་ལྟར་འཚམས་འདྲིའི་ཁ་བརྡ་སྟབས་བདེ་ཙམ་བྱེད་ཞོར་ཡར་ནང་དུ་འཛུལ་སོང་།  དེ་ནས་ཚེ་སྐྱབས་གོ་ཁའི་ཡར་ཕྱོགས་ཀྱི་པགས་གདན་སོ་མའི་ཐོག་ཏུ་གདན་ལ་འཁོད་དུ་བཅུག་ནས།  སྣེ་ལེན་གྱི་སྟ་གོན་ལ་སྔོན་ཚོད་ནས་ཆེད་དུ་གྲ་སྒྲིག་བྱས་ཏེ་བཤས་པའི་ལུག་ཤ་དེ་ཁོའི་མདུན་དུ་བསྒྲིགས་ཤིང་འོ་ཇ་དཀར་ཡོལ་གང་ལྡུད།  རང་ཉིད་ཐབ་སྣེ་རུ་ཤིང་ཅོག་ཆུང་ཆུང་ཞིག་གི་ཐོག་ཏུ་བསྡད་ནས་གོ་ཡོག་གི་མེ་འོབ་དཀྲུག་གིན་གྲོས་འགོ་གཏམ།  “ངས་བུ་མོས་ད་ལྟ་གནས་ཚུལ་ཤེས་ན་མཇུག་འབྲས་ལ་གནོད་གྱི་རེད་བསམས་ཏེ་ད་སོ་མ་རི་ལ་མངགས་ཡིན།  མོ་ལོ་ན་ཕྲ་ཡང་ལུགས་ལས་ཀའི་ཐད་དུ་ཕྱི་ནང་གཉིས་ལ་སེམས་ཁྲལ་བྱེད་མི་དགོས།   ང་ལོ་ལོན་རྒས་མོ་ཞིག་ལ་གཡོག་བྱེད་དུ་བཅུག་ན་བུ་མོ་གོ་རྒས་ཆགས་ནས་མི་ཚེ་སྟོང་ཟད་ལ་འགྲོ་ཉེན་འདུག  མ་གཞི་ཁོ་མོ་སློང་ཆང་གཏོང་མཁན་འགའ་ཞིག་བསླེབས་སོང་མོད།  ང་བློ་དེ་ཙམ་མ་བབས་པས་དཀར་མཚོ་ད་ལྟ་གནས་ལ་འགྲོ་བའི་ལོ་ཚོད་དུ་བསླེབས་མེད་ཚུལ་དང་རང་ལའང་ལག་གཡོག་མེད་པར་ཁ་གཡར་ནས་ཁ་ཡ་བྱས་མེད།  ཁོ་མོ་ཁྱོད་ཚང་གི་མནའ་མར་འོས་འཚམས་ཡིན་མིན་ཁྱོད་ཀྱིས་ལྟོས། “ཞེས་ཨ་མ་ཚེ་ཡག་གིས་རང་གི་བུ་མོར་ཆེ་བ་བརྗོད་པ་དང་སྦྲགས་སེམས་ཀྱི་སྐད་ཆ་མ་ལུས་པར་དབུགས་ཐེངས་གཅིག་ལ་ཧྲག་སེ་བཤད།

ཚེ་སྐྱབས་ཀྱིས་ཤ་རྡོག་ཅིག་ཁ་སྦུབས་སུ་ཤག་སེ་བླུགས་ནས་ཇ་ཧུབ་གང་རྔུབ་ཞོར་”རྩ་བའི་ཆ་ནས་ངས་རྒས་མོ་དང་བུ་ལ་གྲོས་བྱས་ཟིན་པ་ཡིན།   ཁོ་གཉིས་ཀྱང་དཀར་མཚོ་ལ་འཐད་སོང་།   འོན་ཀྱང་ད་ནི་ཁྱོད་ཀྱང་རྒས་ཡོད་པས་ལག་གཡོག་ཅིག་མཁོ་ངེས་ཡིན།  དཀར་མཚོ་མནའ་མར་སོང་ན་ཁྱོད་ཀྱང་དཀའ་རྒྱུ་རེད།   ང་ཚོ་ལ་མནའ་མ་ཐོབ་རྗེས་ཁྱོད་བགྲེས་མོ་ཞིག་ལ་གྱོང་སྤྲད་ན་ག་ནས་འགྲིག  ཁྱིམ་གཅིག་གི་མི་ཚང་རེད་བ། ” ཞེས་ཁོས་ཁ་ཞེ་ཉེ་པོས་གྲོས་ཁ་གསལ་བོར་བཏོན་ཏེ་གཅིག་ནས་བུ་མོ་མནའ་མ་ལ་བསུ་རྒྱུ་གཏན་ཁེལ་བྱས་པ་དང་།   གཉིས་ནས་ཁོ་ཚོའི་ཁྱིམ་ཚང་གིས་ཤུལ་དུ་ལུས་པའི་ཚེ་ཡག་ལ་ལྟ་རྟོགས་བྱ་རྒྱུ་ཡིན་ཁུལ་གྱི་ཟུར་གླེང་བྱས།  དེ་ལྟར་ཁོ་གཉིས་གྲོས་བྱས་ཏེ་དུས་ཀྱི་ཐུན་མཚམས་གཉིས་ཙམ་འགོར་སོང་བ་འདྲ།   དགུང་སྔོན་གྱི་མཐའ་ནས་ཤར་བའི་ཉི་མ་དེ་ཡང་ད་ལྟ་སྦྲ་སྒོ་ཡི་ཀླད་ནས་འོད་ཟེར་ལམ་ལམ་དུ་འཕག་གིན་འདུག  སྦྲ་ཡི་ཆོན་ཐག་ལ་བཏགས་བཞག་པའི་རྟ་དེ་ཡང་ཉོབ་སྣང་གིས་སྒུར་རེ་བསྡད་འདུག་པ་ནི་བདག་པོའམ་ཉི་མ་གང་རུང་ལ་འཁང་ར་བྱེད་པ་དང་ཀུན་ནས་མཚུངས།   མཚམས་དེ་ནས་ཚེ་སྐྱབས་ཀྱིས”ཡ་ད་གྲོས་ཡག་པོ་བྱུང་སོང་།  གཉེན་སྒྲིག་གི་སྟོན་མོ་ག་དུས་བཤམ་དགོས་མིན་ངས་ཨ་ལགས་ཚང་ལ་ཕྱག་མོ་ཞུས་ནས་ཆ་རྒྱག་ཡོང་།  ང་ལ་ད་དུང་དོན་དག་གཞན་བསྒྲུབ་རྒྱུ་ལྷག་ཡོད་པས་འགྲོ་རན་སོང་། ” ཞེས་བརྗོད་ཀྱིན་གདན་ནས་ཡར་ལངས་ཏེ་སྒོར་དོན་སོང་།

ཨ་མ་ཚེ་ཡག་ཁོ་ཡི་རྗེས་རྗེས་ལ་སོང་ནས།   “ཁྱོད་ཀྱིས་དུས་ཚོད་གཏན་ཁེལ་མགྱོགས་པོ་གྱིས་ནས་ཆ་རྒྱོབས་ཤིག  ངས་ད་དུང་བུ་མོར་འདི་སྐོར་གླེང་མེད།  ཅེས་མཉེན་སྟོན་གྱི་ཐག་མགྱོགས་པོ་ཆད་ན་དགའ་བའི་སྐུལ་མ་ཞིག་བྱས།  ཚེ་སྐྱབས་ཀྱིས་རྟ་ཡི་འཕངས་ནས་མར་ལྟ་བཞིན།   “འོ་་་་་དོན་དག་འདི་བུ་མོར་གསང་བསྡད་ཡོད་ནི་ཨེ་རེད།  ད་བུ་མོ་ལ་ཤེས་སུ་བཅུག་ན་སྐྱོན་ཡོད་རྒྱུ་མ་རེད།  གསང་ཆེ་སོང་ན་དགའ་རྒྱུ་མ་རེད།   ཁྱོད་ཀྱིས་ག་རེ་དྲགས་ས་རེད་ལྟོས་དང་།   ངས་དུས་ཚོད་གཏན་ཁེལ་གང་མགྱོགས་བྱས་ནས་ཆ་རྒྱག་ཡོང་།   ཡ་ད་བདེ་མོ་གྱིས”།  ཞེས་ཁོས་དོན་དག་ཚང་མ་བསམ་དོན་བཞིན་འགྲུབ་སོང་བའི་འཛུམ་མདངས་ཤིག་ཁུར་ནས་ལམ་དུ་བཞུད་སོང་། ཨ་མ་ཚེ་ཡག་གིས་ཁོ་ཕྱིན་པའི་རྒྱབ་གཟུགས་ལ་བལྟས་ནས་ཡུན་རིང་ཞིག་ལ་མགུལ་མེད་ཀྲོང་ངེར་ལངས་ནས་བསྡད་པས།  ཕྱི་མི་ཞིག་གིས་ཚུལ་འདི་མཐོང་ན་ཨ་མ་ཚེ་ཡག་གི་སེམས་པ་ཚེ་སྐྱབས་ལ་ཟུག་འདུག་བསམ་པའི་མཚར་སྣང་ཞིག་སྐྱེས་སྲིད་པ་ལས།  ཚེ་སྐྱབས་ཀྱི་རྒྱབ་གཟུགས་ཀྱིས་མོའི་འདས་ཟིན་པའི་ཞིང་དུ་ཕྱིར་འཁྲིད་བྱས་ཡོད་པ་སུས་ཀྱང་ཚོར་མེད་ཤག་ལ།  མོའི་མིག་ཀོང་ནས་མཆི་མའི་རྒྱུན་ཞིག་སྟར་སྒྲིག་ནས་སར་ལྷུང་ཡོད་པ་དེའང་ག་ལ་མཐོང་སྲིད།   དོན་གྱི་བརྡོལ་ཁ་སྟོན་ན་ཚེ་སྐྱབས་ཀྱི་རྒྱབ་གཟུགས་ཀྱིས་ཁོ་མོའི་ཚེ་གཅིག་གི་སྐྱ་ཡ་འདས་པོ་དེ་དྲན་དུ་བཅུག་ཡོད་པ་རེད།  མ་གཞི་ཨ་མ་ཚེ་ཡག་གི་ཁྱོ་བོ་སེང་གེ་ཤི་ནས་ལོ་ལྔ་དྲུག་ཙམ་ཞིག་ཕྱིན་ཟིན་རུང་།   ལོ་དེ་དག་ནང་མོས་ཁྱོ་བོ་སེང་གེ་བརྗེད་མ་མྱོང་།   མོས་ཁྱོ་བོ་གསར་བ་མི་བསྒྲིག་པ་ནི་བུ་མོ་དཀར་མཚོར་བསམ་ཤེས་བྱས་པ་རེད་ཟེར་ན་ཆོག་མོད།  དོན་དངོས་ནི་མོས་ཁྱོ་བོ་སེང་གེ་རང་ཉིད་ཀྱི་སེམས་སུ་གསོན་པོར་གནས་ཡོད་པའི་འདུ་ཤེས་འཛིན་ཡོད།  མོས་ཚེ་སྐྱབས་ནམ་མཐོང་ལ་རང་གི་ཁྱོ་བོ་སེང་གེ་ཇེ་དྲན་ལ་འགྲོ་བ་ནི་ཚེ་སྐྱབས་དང་སེང་གེ་གཉིས་ཤག་པོ་བཟང་བོ་ཞིག་ཡིན་སྟབས།  ཚེ་སྐྱབས་ཀྱི་ལུས་ཐོག་ནས་མོ་ལ་བག་ཆགས་ཟབ་པའི་ཁྱོ་བོ་སེང་གེའི་གཤིས་སྤྱོད་གང་ཞིག་གསོན་ཉམས་དོད་པོས་མངོན་ཡོང་གི་ཡོད་པས་ཡིན།   ཡུད་ཙམ་ཞིག་གི་རྗེས་ཁོ་མོ་ཕྱིར་དྲན་གྱི་ཀློང་ནས་ཐར་སོང་ནའང་སེམས་ཁམས་དེ་འདྲ་བདེ་བོ་མིན།  མོས་དེ་རིང་དོན་གྱི་གྲོས་ཁ་འགྲིག་པས་ང་ཅི་ནས་སྡུག་མི་རུང་སྙམ་ཏེ་ཨམ་གཙིགས་བསྡམས་ནས་ཕུ་སྣེས་མཁུར་མགོ་བབས་ཡོད་པའི་མིག་ཆུ་འབྱིད་ཙམ་བྱས་ཏེ་ཁྱིམ་ལས་ཙག་ཙིག་ལ་གཞོལ།

ཨ་མ་ཚེ་ཡག་གི་བུ་མོ་ཇེ་དགའ་ཚང་ལ་མནའ་མར་བརྫང་རྒྱུའི་གྲོས་འཆམ་པར་སེམས་གཏིང་ནས་དགའ་བོ་བྱུང་བའི་རྒྱུ་མཚན་ནི།  གཅིག་ནས་བུ་མོ་ཡི་ཕ་འདས་པོ་དང་ཚེ་སྐྱབས་གཉིས་ཤག་པོ་ཡིན་པ་དང་གཉིས་ནས་ཇེ་དགའ་ཚང་ནི་ཕྱེ་བོ་སྡེ་བ་ཡི་དུད་ཚང་ཡག་གྲས་སུ་གཏོགས་པའི་ཁྱིམ་ཚང་རྙིང་པ་ཞིག་ཡིན་པས་སོ།  །  མོས་བུ་མོ་གནས་ལ་བཏང་སའི་དུད་ཚང་དེ་འདྲ་ཞིག་བདམས་ཐུབ་པ་ལ་ཡིད་རྦད་དེ་ཚིམ་ཞིང་བློ་རབ་ཏུ་དགའ་ནས།  ད་ནི་བུ་མོའི་མ་འོངས་པའི་འཚོ་བ་ལ་སེམས་ཁྲལ་དང་སྡུག་བསྔལ་མྱོང་དགོས་ཁེལ་མ་སོང་བསམས་ཏེ།  དོན་དག་འདི་ཆད་ལྷག་མེད་པར་བུ་མོར་བཤད་དགོས་ཨང་སྙམ་ནས་སེམས་ནང་སྐད་ཆ་མང་པོ་ཞིག་གྲ་སྒྲིག་བྱས་ནས་བསྡད།

ཆུ་ཚོད་འགའ་ཡི་གོང་གི་སྟོན་ཉི་ཚ་གདུག་ཅན་དེ་ད་ནི་ཟིལ་ཤུགས་ཟད་དེ་བྱང་གི་སོ་མཚམས་ནས་ཤི་འགྲོ་བ་ལ་བརྩམས་དུས།  ཡུ་ལེ་སྡེ་བའི་སྟོན་མཚེར་གྱི་ར་སྐོར་ཁྱོན་དུ་སྒོ་ཟོག་སྟོང་ཕྲག་མང་པོས་འུར་ཆ་ལེར་བཏང་སོང་།   དེ་དུས་དཀར་མཚོས་ཀྱང་ཁོ་ཚང་གི་སྒོ་ཟོག་རྣམས་ལྷས་ལ་བཙུད་ཟིན་པས།  ཨ་མ་ཚེ་ཡག་གི་ཟོ་བ་གཅིག་ལག་ཏུ་ཐོགས་ནས་ལྷས་ར་འོ་མ་འཇོ་རུ་བསླེབས་ཡོང་།  ཁོ་གཉིས་ཀྱི་དེ་ལྟར་ཧ་རུབ་སྦ་རུབ་ཀྱིས་ཕྱུགས་ལས་བྱས་པས་འཁྱུག་ཙམ་ལས་མ་འགོར་བར་ལས་ཀ་ཚང་མ་ཚར་སོང་ནའང་དུད་ཚང་ལ་ཤས་ཤིག་གིས་སྒོ་ཟོག་ད་དུང་ལྷས་ལ་ཚུད་མེད།   མ་བུ་གཉིས་ཀྱིས་དེ་ལྟར་རྒྱུན་ལྡན་གྱི་ལས་ཀ་ཚར་རྗེས་ཐབ་ཁའི་འགྲམ་ལ་འཁོས་ཏེ།  དགོང་ཟས་ལ་རོལ་ཞོར་གཟབ་ནན་ངང་རང་གིས་ཐག་བཅད་པའི་བུ་མོའི་ཚེ་གཅིག་གི་དོན་དག་འགངས་ཆེན་སྐོར་དེ་ཁོ་མོར་ཆད་ལྷག་མེད་པར་ཤར་མར་བཤད་པས།  སྐབས་ཤིག་རིང་ཁོ་གཉིས་བར་སྐད་ཆ་ཅི་ཡང་མེད་པར་དལ་ཅག་གེར་ལུས།  དེ་དུས་སྡེ་བའི་ར་སྐོར་གྱི་ཁྱོན་ནས་སྒོ་ཁྱིའི་ཟུག་སྐད་ཐན་ཐུན་རེ་ཐོས་ཡོང་ཞིང་སུ་ཞིག་གིས་སྒོ་ཟོག་ལྷས་ལ་སྦྱོར་བའི་སྐད་ཙམ་ལས་གྲག་འགུལ་ཅི་ཡང་མེད་པས་ཡོད་ཚད་ཀྱིས་ཁོ་གཉིས་ལ་ལྐོག་ཉན་བྱེད་ཀྱི་ཡོད་པ་དང་ཀུན་ནས་མཚུངས།

ཅུང་འགོར་བའི་རྗེས་དཀར་མཚོས་ད་ནང་གི་མགྲོན་པོ་དེ་སུ་ཡིན་མིན་དང་ཅི་ཡི་དོན་དུ་ཡིན་མིན་གཞི་ནས་གསལ་བོ་ཤེས་ཏེ།  མོས་”ཨ་མ་ངས་ཁྱོད་ལ་ངོ་རྒོལ་བྱེད་ཀྱི་མེད།   ཨ་མས་བཟང་བྱས་པ་ངས་ལོས་ཤེས།  ང་བུ་མོ་ཞིག་ཡིན་པས་མནའ་མར་འགྲོ་ལོས་དགོས་ཀྱང་།  ད་ཆ་གནས་ལ་འགྲོ་རྒྱུ་སྔ་སོང་བ་རེད། “ཞེས་བརྗོད་པས།  ཨ་མ་ཚེ་ཡག་གིས། “སྔ་རྒྱུ་ཅི་ཡོད།  ཁྱོད་ལོ་སར་རྗེས་བཅུ་བདུན་ལ་ཁ་ལོན་འགྲོ་མཁན་རེད།  སྡེ་བའི་བུ་མོ་ལོ་བཅུ་གསུམ་བཅུ་བཞི་ཙམ་ནས་མནའ་མར་འགྲོ་ཡི་འདུག ཁྱོད་ད་ལྟ་གནས་ལ་མ་སོང་ན་ནམ་ཞིག་ལ་འགྲོ་རྒྱུ་ཡིན། “ཞེས་ངེས་པར་དུ་དང་ལེན་བྱེད་དགོས་ཚུལ་སྨྲས་པས།  “ཨ་མ་ང་ལོ་ཆུང་ཡིན་ཟེར་གྱི་མེད།   ངས་ཁྱོད་ལ་བསམ་པ་ཡིན།   གལ་ཏེ་ང་གནས་ལ་སོང་ན་ཁྱོད་ལ་དཀའ་ལས་ཡོང་རྒྱུ་རེད་འདོད་པ་ཡིན། ” ཞེས་དཀར་ཚོས་རང་གི་ཨ་མ་གཅིག་པུ་ཤུལ་དུ་བཞག་མི་བཟོད་པའི་སྐད་ཆ་བཤད་པས།   དེ་ནི་རང་གི་བུ་མོས་ཨ་མ་ང་སྐྱུར་བློ་མི་བདེ་བའི་གཏམ་ཡིན་པ་ཤེས་ཏེ་སེམས་པར་ཆུ་འཁྱག་སྐྱོགས་གང་བླུག་པ་ལྟར་གྲང་སང་ངེར་གྱུར།  འོན་ཀྱང་ཨ་མ་ཚེ་ཡག་གིས་ཨམ་གཙིགས་བསྡམས་ནས་སེམས་ཀྱི་ཚོར་འདུ་ཕྱིར་མི་ཕྱུང་བར་བྱས་ཏེ། “གླེན་མ་ཁྱོད་གོ་རྒས་མ་བྱ་རྒྱུ་ཡིན་ནམ།  མདུན་ལམ་བསམ་མི་ཤེས་པའི་བློ་ཐུང་རང་རེད།   ཨ་མ་གང་འདྲ་བྱེད་དགོས་མིན་ཐབས་ཡོད།  ཅེས་བརྗོད་དེ་ཁོ་མོས་དང་ལེན་བྱེད་དགོས་པ་བཟོས།  དཀར་མཚོའི་སེམས་ནས་ཅི་ཞིག་བཤད་འདོད་ཀྱང་ཁ་ནས་བཏོན་མ་བཏུབ་པ་དེ་མུར་ལུས།  ཐོལ་བྱུང་དུ་མ་བུ་གཉིས་གྲོས་ཁ་བྱེད་པའི་ཁ་བརྡ་ཆད་སོང་བས་ཁྱིམ་གང་བོ་སླར་ཡང་ཁུ་སིམ་མེར་གྱུར།  སྐབས་དེར་སྟོན་རླུང་འཇམ་པོ་ཞིག་སྦྲ་ཡི་སྒོ་སྲུབས་ནས་འཚང་དེ་འཛུལ་ཡོང་ནས་དཀར་མཚོ་ཡི་ཁ་ངོར་འཐིམས་སོང་བ་ན།  དེས་མོའི་ཁོག་པའི་གཏིང་རིམ་ན་གྲང་འདར་ཞིག་བསླངས་སོང་།  སྟོན་མཚེར་འདི་ནི་རྣམ་ཀུན་ཏུ་ལྷིང་འཇགས་ཤིག་ཡིན་ཡང་དོ་དགོང་ནི་དེ་ལས་ཁུ་སིམ་པའི་སྣང་བ་ཞིག་སྦྱིན་པར་བྱེད།  དེ་ནས་ཁོ་གཉིས་རང་རང་གི་མལ་སར་སོང་ནས་རྨི་ལམ་གྱི་ཞིང་དུ་ཆས་པར་བརྩམས་ཀྱང་གཉིས་ཀ་ལ་གཉིད་རྒྱུ་ཞིག་གཏན་ནས་མ་ཡོང་།

དཀར་མཚོས་མལ་ས་ནས་འགྲེ་ལྡོག་ཡང་ཡང་བྱེད་ཀྱིན་མག་པ་ཚང་གིས་རང་ལ་གང་འདྲ་བྱེད་ཡོང་བ་དང་།   ང་མནའ་མར་སོང་ན་ཨ་མ་ལ་ལྟ་རྟོག་བྱེད་མཁན་མེད་པ།   མ་སོང་ན་ཨ་མའི་རེ་བ་དང་དཀའ་ལས་བསྐྱོན་པ་ཆུད་ཟོས་སུ་སོང་བ་ཡིན་པས་ཨ་མར་སེམས་སྡུག་ཆེན་པོ་ཡོང་རྒྱུ་ཡིན་པ་སོགས་ཀྱི་བསམ་མནོའི་འདུ་འཛི་མང་པོས་མོའི་སེམས་ཁམས་ཟང་ཟིང་དུ་གྱུར་།   མོས་དེ་ལྟར་དྲན་པའི་བསམ་མནོའི་བང་རིམ་ཁྲོད་ནས་ཡིད་ཀྱི་ངོས་སུ་དོན་གྲུབ་ཤར་ཡོང་།  དཀར་མཚོས་དོན་གྲུབ་ནི་བདེན་པའི་རྒྱབ་ལང་ཕོད་པའི་ཕོ་རབ་ཅིག་ཏུ་སེམས་བཞིན་ཡོད་ལ།   དོན་གྲུབ་ཀྱིས་རང་ཉིད་ལ་སེམས་པ་རྣམ་དག་ཡིན་པ་ཡང་དྲན་ནས་དྲིན་ལེན་འཇལ་དགོས་ངེས་རེད་སྙམ་ཀྱི་ཡོད་ཀྱང་།  ཇི་ལྟར་བྱས་ཏེ་དྲིན་གསོ་དགོས་མིན་ཁོ་མོས་ཐག་གསལ་བོར་གཅོད་མ་ཤེས་པར་ལུས།  མཐའ་མཇུག་དེར་དཀར་མཚོས་གལ་ཏེ་རང་ཉིད་མནའ་མར་ཕྱིན་ན་དོན་གྲུབ་དང་རང་མོས་ཀྱི་ཐུག་རྒྱུ་སྟབས་བདེ་མིན་པ་ཚོར་ཤེས་རྙེད་དེ།  སང་ཉིན་ཁོ་ཚང་གི་སྟོན་མཚེར་གཅིག་པའི་རྫི་བོ་ཐུག་ན་ཁོ་དང་ཐུག་རྒྱུའི་ཆ་རྒྱག་དགོས་སྙམ།  ད་ནི་ནམ་ཆད་ལ་ཐུག་འགྲོ་ཡང་དཀར་ཚོ་ལ་ད་དུང་གཉིད་བབས་མེད།   མོས་མལ་སའི་ཐོག་ནས་ཁ་གཡོན་དུ་བསྒྱུར་ཏེ་ཨ་མའི་ཕྱོགས་སུ་བལྟས་པས་སྨག་མུན་གིས་ཆ་ཚང་ཞིག་མཐོང་དཀའ་ཡང་ཨ་མའི་ཕྱོགས་སུ་གཡོ་འགུལ་མེད་པས་ཕལ་ཆེར་གཉིད་དུ་ཡུར་ཚར་བ་རེད་བསམས།

ནམ་མཁའི་ཉི་མ་ནོར་བུས་སླར་ཡང་མདང་དགོང་གི་མུན་པ་སྟུག་པོ་དེ་ས་མཐར་སྐྲོད་པར་འོད་ཀྱི་ཟེར་མ་འབུམ་ཕྲག་སྤྲོ་བར་བརྩམས་པས།   དེའི་མུར་གསེར་གཞོང་ལྟ་བུའི་ས་ཆེན་འདི་མུན་ཁུང་གི་རྙི་ལས་ཐར་བའི་ཚེ་སྲོག་ཅིག་སྩལ་སོང་།  མཚམས་དེ་ནས་སྡེ་བས་རྣམ་ཀུན་ལྟར་རང་རང་གི་ཕྱུགས་ལས་གཉོར་སྐྱོང་ལ་ཟིང་ཁོལ་བཞིན་ཡོད་པས།   དཀར་མཚོས་ཀྱང་སེམས་ནང་དོན་གྲུབ་ཀྱི་རུ་སྡེ་གཅིག་པ་ཞིག་དང་ཐུག་ན་བསམ་པའི་རེ་བ་ཆེན་པོ་བཅངས་ནས་ནོར་གནག་རྣམས་རྒྱུན་དུ་མི་འཚོ་བའི་ལྷོ་རི་ཕྱོགས་སུ་དེད་དེ་འགོ་བཞིན་ཡོད།   ཚུལ་དེ་ཨ་མ་ཚེ་ཡག་གིས་རྒྱང་ནས་མཐོང་བས་བུ་མོས་དེ་རིང་སྒོ་ཟོག་རྩྭ་ས་མི་འདྲ་ས་ཞིག་ལ་འཚོ་བ་འདི་ཅི་ཡིན་ནམ་སྙམ་པ་ལས་དོགས་འཆར་ཅང་སྐྱེས་མེད།   དོན་དངོས་ཐོག་སྒོ་ཟོག་སེམས་ཅན་ནི་གླེན་ལྐུགས་ཤིག་ཡིན་མོད་རྩྭ་ཆུ་གསར་པའི་བཅུད་ལ་རྩེན་པའི་རྣམ་པ་ནི་ཆེས་ངོ་མཚར་བ་དང་ཡིད་འཕྲོག་པ་ཞིག་རེད་འདུག་པས།  ཁོ་ཚོས་དེ་རིང་རང་ཉིད་ས་གསར་ཞིག་ཏུ་འཚོས་ཡོད་པ་ཤེས་ཤིང་རྩྭ་ཆུ་འདི་ཡིས་ཁོ་ཚོ་ལ་སྤྲོ་བ་ཆེ་ཆེར་འཕེལ་ནས་དགའ་བས་རབ་ཏུ་བརྟས་ཡོད་པ་ལོས་བདེན།   དཀར་ཚོས་རང་གི་རེ་བ་བཞིན་རྫི་བོ་ཞིག་དང་འཕྲད་རྒྱུའི་འདུན་མས་ཉིན་གང་བོ་མིག་ན་ན་བར་བསྒུགས་ཀྱང་མི་དགོས་སྒོ་ཟོག་གཅིག་ལའང་མ་ཐུག  མོས་དེ་ལྟར་ཉིན་ཞགས་གཉིས་གསུམ་ཞིག་ལ་བསྟུད་མར་སྒོ་ཕྱུགས་ལྷོ་རིའི་རི་མཐའི་ཕྱོགས་སུ་འགོས་པས།  གཞི་ནས་སྒོ་ཕྱུགས་བོར་ནས་ར་མདའ་ལ་ཡོང་བའི་བུ་མེད་རྒན་ཙམ་ཞིག་དང་འཕྲད།   ཕན་ཚུན་ངོ་སྤྲོད་བསྡུས་མ་ཞིག་བྱས་མཚམས་དཀར་ཚོས།  “ས་འདིར་ཉིན་གཉིས་གསུམ་རིང་ལ་ངས་ཟོག་འཚོས་ནས་བསྡད་པ་ཡིན།   རེད་དེ་ཟོག་འཁྱམ་ཞིག་ངས་མ་རིག  ཟོག་ག་ཚོད་བོར་བ་ཤག།  བོར་ནས་ཉི་མ་དུ་སོང་ཐལ། “ཞེས་རྫི་བོ་དེར་དྲིས།   རྫི་བོས།  “ལྔ་དྲུག་ཅིག་རེད།  ཁ་ཉིན་བོར་ཐལ། ” ཟེར།   “འོ་་་ལྔ་དྲུག་ཅིག་ཡིན་ན་སྤྱང་ཀིས་ཟོས་ཡོད་རྒྱུ་མ་རེད།   སྡེ་བ་གཞན་གྱི་ཟོག་དང་འདྲེས་ནས་དེད་སོང་ནི་མིན་ནམ།  ཁྱོད་ཀྱི་རྫི་བོ་གཞན་ལ་ཨེ་དྲིས། ” “མ་དྲིས།   ད་ལྟ་མ་ཐུག་ཐལ། ” ཟེར་ནས་ཐང་ཆད་པའི་ཉམས་ཤིག་སྟོན་ཡོང་།   དེ་ནས་དཀར་མཚོས།  ”འདི་ཕྱོགས་ལ་ད་ལོ་ཁྱོད་ཚོའི་ཟོག་འཚོ་མཁན་མེད་པ་ཅི་རེད། ” ཅེས་རང་གི་ཤེས་འདོད་པའི་སྐད་ཆའི་ཁུང་སྣེ་འདྲ་ཨེ་རག་ལ་རེ་ནས་དེ་ལྟར་དྲིས་སོང་།  རྫི་བོ་དེས་དབུགས་རིང་ཞིག་འཐེན་ནས།  “འོ་་་ད་དེ་བཤད་ནས་གང་ཡོང་།   ཟླ་བ་འདི་ཡི་གོང་ལ་རི་འདི་ཡི་རྒྱབ་རིའི་རྩྭ་ས་ཐོག་ལ་སྡེ་བ་འཛིང་རེས་ཐུག་ནས་ད་ཆ་ཀུང་ཧྲེས་རི་རྒྱ་བསྡམས་ཡོད།  ཅེས་ཟླ་གཅིག་གོང་དུ་བུད་པའི་གནས་ཚུལ་དེ་བསྡུས་བསྡུས་ཤིག་བཤད།   དཀར་མཚོས་དེ་ནས།  “འོ་ཡ་་་དེ་ན་ངས་ཀྱང་རྗེས་སུ་ཟོག་འདི་ན་འཚོ་ཡི་མིན།  ད་ལོ་ན་ནིང་རྩྭ་ས་རྩོད་གླེང་གི་གྱོད་ཁ་མང་པས་སེམས་ཅན་ལ་སྡུག་སྟེར་ཡ་མང་སོང་བ། འོ་་་ཏག་ཏག་རེད།  ཁྱོད་ཀྱིས་དོན་གྲུབ་ལ་ང་ཐུག་ག་ཤོད་ཟེར་ནས་ཆ་ཞིག་རྒྱག་རོགས། “ཞེས་བཤད་པས།  མོས་དེ་མུར་་མདུན་གྱི་བུ་མོ་དེ་ནི་དཀར་མཚོ་ཡིན་པ་ཤེས་ནས་ངོ་མདོག་ཀྱང་འགྱུར་སོང་།  ཅུང་ཙམ་རྗེས་རྫི་བོ་དེས”ཤི་བོ་ལ་ཆ་རྒྱག་པ་འདྲེ་ཡི་ལུགས་ཨེ་རེད།  ཅེས་ཟུར་ཟ་ལྟ་བུ་ཞིག་སྨྲས་པས།  དཀར་མཚོས་བློ་ཡུལ་ལས་འདས་པའི་སྐད་ཆ་དེ་གོ་ནས་ཡིད་བློང་བློང་བོར་གྱུར།   དེ་ནས་དཀར་མཚོས་རྫི་བོ་འདིས་ང་ལ་ལྟ་ཚོད་ལེན་གྱི་འདུག་བསམ་ནས”ཁྱོས་ཤོབ་བཤད་དགོས་མ་རེད།  དོན་གྲུབ་ལ་དོན་དག་ཅི་ཡང་བུད་མེད་པ་ཡིད་ཆེས་ཡོད།  ཅེས་བཤད་དེ་རྫི་བོ་དེ་དང་ཁ་གྱེས་ཏེ་འགྲོ་རྩིས་བྱས་པ་ན།  “ཡིད་ཆེས་རུང་མ་ཆེས་རུང་གང་ལྟར་དོན་གྲུབ་ནི་རྡོ་བཀྲས་བསད་སོང་། ” ཞེས་མགོ་མཇུག་མེད་པའི་སྐད་ཆ་ཞིག་བཤད་དེ་རྒྱབ་བསྒྱུར་ནས་བུད་སོང་།   དཀར་མཚོ་ཐོག་མར་རྫི་བོ་དེ་ཡི་སྐད་ཆར་ཡིད་ཆེས་མེད་ཀྱང་མོས་རྡོ་བཀྲའི་ཡ་ཡུད་ཀྱི་གཤིས་ཀར་སེམས་ཚེ།  རྡོ་བཀྲ་ལྟ་བུའི་མི་དེ་ཚོས་ལས་ངན་དེ་འདྲ་ཞིག་བརྩམས་སྲིད་པ་གདོན་མི་ཟ་བསམས་ནས་རྫི་བོ་དེ་ཡི་སྐད་ནི་གཡོ་ལྷད་མེད་པ་ཞིག་ཡིན་པ་ར་འཕྲོད་ཐུབ།

དཀར་མཚོས་ཕོ་གཞོན་ཞིག་འཇིག་རྟེན་ཁམས་ནས་བྱས་རྗེས་ཀྱི་མཛུབ་རིས་བཀོད་ལོང་མེད་པར་ཚེ་ཕྱི་མར་ཕྱིན་པ་ལ་སྐྱོ་བའི་ཚོར་རླབས་ཤིག་ཡིད་ཀྱི་གཏིང་ནས་སྐྱེས་ཤིང་གདོང་གི་ངོས་སུ་མཆེད་སོང་།  དོན་གྲུབ་དེ་ལྟར་ཚེ་ཕྱི་མར་ཕྱིན་པ་དེ་ཡང་རང་ཉིད་ལ་འགྲེལ་བ་ཆེན་པོ་ཡོད་པ་ཚོར་ནས་འགྱོད་པ་དྲག་པོས་དཀར་མཚོ་ཡི་སེམས་པ་རབ་ཏུ་གདུང་།  རྡོ་བཀྲས་དོན་གྲུབ་ཀྱི་གསོད་བླངས་པ་དེ་ནི་ཤ་འཁོན་རྩོད་པ་ཞིག་ཡིན་པ་དཀར་མཚོས་ཤེས་ཀྱི་ཡོད་ཀྱང་།  མོ་ནི་ཤེད་མེད་སྟོབས་མེད་ཀྱི་བུད་མེད་ཅིག་ཡིན་པས་ཤི་བོ་དོན་གྲུབ་ཀྱི་ཆེད་དུ་མ་ཎི་ཕྲེང་སྐོར་བསག་རྒྱུ་ལས་གཞན་ཅི་ཞིག་བྱེད་ཐུབ་ཀྱི་རེད།   དེ་ནས་བཟུང་དཀར་མཚོའི་སེམས་ཀྱི་ཟབ་སར་དོན་གྲུབ་ལ་ཆད་པའི་ལེན་ཆགས་ཀྱི་འདུ་ཤེས་ཤིག་གསུབ་མེད་དུ་མཆིས།  མི་ཁ་ནི་རླུང་ཡན་ཞིག་དང་མཚུངས་པས་དུས་ཚོད་ཆེར་མ་ཕྱིན་པར་སྡེ་བའི་ཁྲོད་དུ་རྡོས་བཀྲས་དཀར་མཚོ་ཡི་ཆེད་དུ་དོན་གྲུབ་བསད་དེ་བྲོས་བྱོལ་ལ་སོང་བའི་སྐད་ཆ་ཞིག་ཁྱབ་སོང་།  ཟས་མི་ཁ་རྒྱུད་ན་ཇེ་ཆུང་དང་།  གཏམ་མི་ཁ་རྒྱུད་ན་ཇེ་ཆེ་ཟེར་བའི་གནའ་གཏམ་དེ་ནི་གཏན་ཚིགས་ཀྱིས་ཕྱུག་པ་ཞིག་རེད་ཨང་།  དཀར་མཚོས་སྔོན་ལ་རྡོ་བཀྲ་དང་ཐུག་རྒྱུའི་ཁ་ཆད་བྱས་ཀྱང་དོན་གྲུབ་བར་དུ་འཚང་ནས་དཀར་མཚོ་དང་བཙན་གྱིས་འགྲོགས་པར་བརྟེན།  རྡོ་བཀྲས་དོན་གྲུབ་ཀྱི་གཉའ་གནོན་དང་མཐོང་ཆུང་བཏང་བར་ཁོང་ཁྲོས་བཟོད་མ་ཐུབ་པར།  དོན་གྲུབ་བསད་པ་རེད་སོགས་དྲང་པོའི་གཏམ་ལ་འཁྱོག་པའི་སྒྲོ་བཏགས་བའི་གཏམ་འཆལ་ཞིག་སྡེ་བའི་མི་ཚོགས་སུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར།   མི་ཡི་སྤྱི་ཚོགས་སུ་ཁྱབ་པའི་སྐད་ཆ་ནི་ཕྱོགས་ཞེན་དང་འཐེན་ཁྱེར་གྱི་རྫུན་བསྲེས་བྱས་པ་འབའ་ཞིག་ལས།  དོན་དངོས་ཀྱི་སྐད་ཆ་བཟུང་ནས་དྲང་ཕྱོགས་ཀྱི་ཐིག་སྣེ་སྲུང་མཁན་ཇི་ཙམ་ཡོད་སྲིད་དམ།  ནར་སོན་བཞིན་པའི་དྭངས་གཙང་གི་བུ་མོ་ཞིག་ལ་མི་ཁ་ནག་པོས་ཕོག་ཐུག་དང་མིང་ཤས་བཟོས་ཡོད་པས།  དེ་ལྟ་བུའི་མི་ཞིག་གཡོ་སྒྱུས་ཁེངས་པའི་འཇིག་རྟེན་དུ་གདོང་གཏད་དེ་འཚོ་བར་ངལ་འཕྲང་གི་ལམ་བུ་ཇི་སྲིད་ཅིག་རྒྱུད་དགོས་པ་རེད་ཨང་།

འབྲས་ལྡན་གསེར་གྱི་ནམ་དུས་དེ་དགུན་རླུང་བཙན་པོས་ཕར་ཕར་དེད་ནས་རི་ཀླུང་ཐང་གསུམ་གྱི་ས་གཞི་ཁྱོན་དུ་གོས་དཀར་གྱི་དར་རས་འཐེན་ལ་ཉེ་བའི་མཚམས་དེར།   ཇེ་དགའ་ཚང་གི་ཚེ་སྐྱབས་ཀྱིས་གཉེན་སྟོན་བཤམས་ནས་ཚེ་ཡག་གི་བུ་མོ་དཀར་མཚོ་ལྷ་དར་གྱི་མནའ་མར་བསུ་བའི་སྟ་གོན་བྱས་བཞིན་ཡོད།  ཚེ་སྐྱབས་ཀྱིས་རང་གི་ཤག་པོ་འདས་པོའི་མཛའ་གྲོགས་ཀྱི་ངོ་ལ་བལྟས་ནས།  དཀར་མཚོའི་ཐད་ཀྱི་སྤྱི་ཚོགས་ཀྱི་ཉོག་གཏམ་ལ་སྣང་བ་མ་བཞག་པར་ཁོ་མོ་རང་གི་བུ་ལྷ་དར་ལ་མནའ་མར་བསུས་ཏེ།  ཨ་མ་ཚེ་ཡག་གི་འབྱུང་འགྱུར་གྱི་འཚོ་བ་ཁེར་རྐྱང་དུ་མི་ལུས་པའི་ཆེད་དུ་ཡུལ་གང་ཞིག་ནས་ཁྲིད་ཡོང་བའི་བུ་མོ་རྐང་འཐེང་ཞིག་ལག་རོགས་ལ་བཞག་པ་རེད།  དཀར་མཚོས་དེ་སྔོན་ཨ་མ་ལ་རང་ཉིད་མནའ་མར་མ་ཕྱིན་པའི་གོང་དུ་ལྷ་དར་གྱི་མི་གཤིས་ལ་རྒྱུས་ལོན་བྱེད་འདོད་པའི་རེ་བ་སྟོན་ཡོད་ཀྱང་།   ཨ་མ་ཚེ་ཡག་གི་སྐུལ་འདེེད་ཡང་ཡང་བཏང་བ་ལྟར་ཚེ་སྐྱབས་ཀྱིས་གཉེན་སྒྲིག་ཐག་གཅོད་མགྱོགས་པོ་བྱས་པས།   ཁོ་གཉིས་བར་ལ་འདྲིས་གཤིབ་བྱེད་པའི་གོ་སྐབས་དང་ཁོམ་ལོང་བྱུང་མེད།   ཐོག་མར་དཀར་མཚོས་མནའ་མར་འགྲོ་རྒྱུ་ལ་ལོ་ཤས་རིང་རྒོལ་དགོས་བསམ་མྱོང་ཡང་།  མི་ཁའི་དཀྲོག་གཏམ་དང་གཏམ་འཆལ་དེས་ཨ་མ་ཚེ་ཡག་གི་རྣ་བ་སུན་པོ་བཟོས་ཡོད་པ་མ་ཟད།  ཇེ་དགའ་ཚང་ལ་ཡང་དོགས་པ་དང་ལབ་གླེང་སྣ་ཚོགས་བྱུང་ཡོད་པས་མུ་མཐུད་དེ་ཨུ་ཚུགས་བྱས་ན།  རང་གི་མདུན་ལམ་ཡང་འཐོར་ཉེན་ཆེ་འདུག་སྙམ་ནས་མོས་མཐུན་བྱས་པ་རེད།

གསུམ་པ།

དཀར་མཚོ་ལྷ་དར་གྱི་མནའ་མར་བསུས་ནས་ལོ་འཁོར་གསུམ་ཕྱིན་ནའང་ཨ་ཡེ་ལུག་མོས་མོ་ལ་རྣམ་འགྱུར་ཡག་པ་ཞིག་ཉིན་གཅིག་ཙམ་ལའང་བསྟན་མ་མྱོང་།  རྫ་རི་ལ་གྲིབ་ནག་གུག་པ་འདྲ་བའི་ཨ་ཡེ་ལུག་མོའི་རྣམ་འགྱུར་གྲང་ཤུར་ཤུར་དེས།  དཀར་མཚོའི་ལས་ཀའི་གདེང་སྤོབས་དང་འཚོ་བའི་སྤྲོ་སྣང་ཡོད་ཚད་ཡོངས་སུ་བཅོམ་ནས་གུ་དོག་པའི་ཁོར་ཡུག་ཞིག་ཏུ་འཁྲིད།  དེ་ལྟར་ན་གཤིས་སྤྱོད་རྩུབ་ལ་བསམ་ཤེས་མེད་པའི་ཨ་ཡེ་ལུག་མོའི་གཤིས་ཀ་འདི་ལ་དཀར་མཚོ་ཨ་ཐང་གཏིང་ནས་ཆད་དེ།  མོས་ཚེ་འདི་ལ་ལུས་དྲོ་པའི་གོས་དང་ལྟོ་རྒྱགས་པའི་ཟས་ཤིག་མ་རག་ནའང་།  རྫོགས་རྒྱུ་མེད་པའི་སྡུག་ཡུས་ཀྱི་ཁུར་པོས་མི་སེམས་གཙགས་པའི་ཁོར་ཡུག་འདི་ནས།  བྲོས་བྱོལ་དུ་འགྲོ་རྒྱུའི་བསམ་མནོ་ཞིག་ཁོ་མོའི་ཀླད་ཁྱམས་སུ་ཚོད་ཚོད་ལ་ཐེངས་འགར་འཁོར་མྱོང་མོད།   མག་པ་ཚང་གི་ཕ་མའི་ངོ་སྲུང་དགོས་དུས་རྩ་བའི་ཆ་ནས་སླ་མོ་ཞིག་མིན་ཡང་འདི་ནི་འཇིག་རྟེན་ཐོག་གི་མནའ་མ་ཡོངས་ཀྱིས་ངེས་པར་དུ་དང་ལེན་བྱེད་དགོས་པ་ཞིག་ཡིན།  བསྟུན་མཁས་དང་འདྲིས་གཤིབ་བྱས་ན་དཀའ་སྡུག་གང་ལའང་གདོང་ལེན་ཐུབ་ཅིང་།  རིང་པོར་མ་འགོར་བར་འཆམ་མཐུན་དང་བདེ་སྐྱིད་ཀྱིས་གཏམས་པའི་ཁྱིམ་ཚང་ཞིག་བསྐྲུན་ཐུབ་ངེས་ན།  ཁྱོད་ལ་དེ་ལྟ་བུའི་གདེང་ཚོད་དང་སྤོབས་པ་ཞིག་ཡོད་དགོས་པ་ལས།  ཏོག་ཙམ་འགྲིག་མི་འགྲིག་གིས་ཁོན་འཛིན་བཅངས་མི་རུང་བ་སོགས་ཨ་མ་ཚེ་ཡག་གིས་བསླབས་འདོམས་བྱས་པ་དག་རེ་རེ་བྱས་ཏེ་དཀར་མཚོས་དྲན་ཡོང་དུས། བྲོས་འདོད་ཀྱི་ཚོར་བའི་ངར་ཤུགས་ཅམ་གྱིས་བཅག་ནས་ཚེར་མ་ལྟ་བུའི་ཁོར་ཡུག་ལ་བསྲན་ནས།  ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་དུད་ཚང་འདི་ཡི་ཕྱི་ནང་ཡོངས་ཀྱི་ལས་ཀ་ཐོད་ཏུ་བླངས།

ད་ལོའི་གངས་ཆེན་དེས་ཕྱེ་བོ་སྡེ་བ་ཀུན་ལ་གྱོང་གུད་ཆེན་པོ་བཟོས་ཡོད།  དུད་ཁྱིམ་རེ་ནས་འཁྱག་མུག་གིས་ཉིན་རེ་སྒོ་ཟོག་གཉིས་རེ་ཙམ་ཉུང་མཐར་ཤི་འགྲོ་ལ།    ད་ལྟ་ཁོང་ཚོས་དབྱར་སྟོན་གཉིས་ལ་གསོག་རུབ་བྱས་པའི་གཟན་ཆག་ཕལ་ཆེར་སྟོང་ལ་ཉེ་བས།   ཕྱེ་བོ་སྡེ་བ་ཡོངས་ཀྱི་སེམས་ཚེགས་དང་དངངས་འཚབ་བྱེད་ཡུལ་གཅིག་ཏུ་གྱུར།    འོན་ཀྱང་ཇེ་དགའ་ཚང་ལ་ད་དུང་ཉིན་ཉི་ཤུ་ཙམ་འདང་བའི་གཟན་ཆག་ཡོད་པ་ནི་མནའ་མ་དཀར་མཚོ་ལས་ཀ་བཟང་བའི་མཐུས་རེད་ཅེས་བརྗོད་དགོས་པ་ལོས་ཡིན།   སྔ་ཉིན་མོས་ཁྱིམ་མཚེས་ཚང་ལ་ལྐོག་ནས་ཉིན་ཤས་རིང་འདང་བའི་གཟན་ཆག་གཏོང་ཕོད་ཆེན་པོས་སྤྲད་པ་སྡེ་བས་ཤེས་ཏེ།   དོན་འདི་ཁ་མང་ལྕེ་རིང་སུ་ཞིག་གིས་ཨ་ཡེ་ལུག་མོའི་རྣ་རྩར་བླུགས་པ་ཡིན་ནམ།   ཨ་ཡེས་མཆུ་གཏོ་མུག་མུག་དང་གདོང་པ་རོག་རོག་ཏུ”ཁ་ནག་མ་ཁྱོད་ཀྱིས་ང་ཚོའི་སྒོ་ཟོག་མུག་ཤི་ཐེབས་སུ་འཇུག་འདོད་ནི་ཨེ་རེད།    མི་ཡག་ཡག་མདོག་དང་མི་བཟང་བཟང་མདོག་བྱས་ཏེ་ཡང་སྙིང་ཅི་བྱེད་འདོད་པ་ཡིན།   ཁྱོད་བཟང་པོ་དང་ཡག་པོ་ཅན་ཞིག་ཡིན་ན་ད་བར་ང་ལ་ཚ་བོ་ཞིག་མི་སྐྱེ་དོན་ཅི་རེད།    སྡུག་དགུ་ལ་ལུས་རྒྱུ་མ་ཁྱོད་ངེད་ཚང་ལ་འདུག་མ་འདོད་ན་བུད་སོང་། ” ཞེས་བསྐྱར་ཟློས་ཡང་ཟློས་ཀྱིས་དམོད་བརྡུངས་དྲག་པོ་བྱས།    དཀར་མཚོས་སེམས་ནས་རྒྱུ་མཚན་ཞིག་བཤད་འདོད་ཀྱང་།    གཅིག་ནས་ཨ་ཡེ་ལུག་མོ་རང་རློམ་ཅན་ཞིག་ཡིན་པ་དང་གཉིས་ནས་ཁྲོ་གཏུམ་ཆེ་སྟབས།  མོའི་རྒྱུ་མཚན་ལ་མི་ཉན་བའི་ཁར་སྡུག་ཉེས་ན་རླུང་འཕར་ནས་ནད་ལོག་ཀྱང་འབྱུང་ཉེན་ཆེ་བསམས་ཏེ་ཁ་ཁུ་སིམ་མེར་མགོ་བོ་སྨད་དེ་བསྡད།   ཨ་ཡེ་ལུག་མོའི་ནད་འདི་ནི་ཕལ་ཆེར་རང་གི་འདུག་རོགས་ཚེ་སྐྱབས་ཀྱི་ཚེ་སྲོག་ཇག་པའི་ཚོན་འོག་ཏུ་ཤོར་བའི་ལོ་དེ་ནས་བྱུང་བ་འདྲ།

ད་ལྟ་ཕྱེ་བོ་སྡེ་བས་གཅིག་མཐུན་གྱིས་རེ་བ་དང་སེམས་ཁྲལ་བྱེད་ས་གཅིག་པུ་ནི།    གནམ་རྒན་མས་ཐུགས་རྗེས་གཟིགས་ཏེ་ཁ་བའི་འབབ་ཤུགས་དྲག་པོ་འདི་མཚམས་ཆད་དེ།    ཕྱེ་བོ་སྡེ་བའི་མི་ཕྱུགས་སྒོ་ཟོག་རྐུན་པོ་དཀའ་སྡུག་གི་འཕྲང་ལམ་འདི་ནས་མགྱོགས་མྱུར་དུ་ཐར་ཐུབ་ན་ཅི་མ་རུང་ཨང་སྙམ་ནས་བསྡད་ཡོད་པ་དེ་ཡིན།     འོན་ཏེ་མནའ་མ་དཀར་མཚོ་ལ་ཁོང་ཚོ་ཡོད་ཚད་ལས་ལྕི་བའི་རྡོག་ཁྲེས་སྣོན་མ་ཞིག་ཡོད་པ་ནི་ལྷ་དར་སྐོར་གྱི་གནས་ཚུལ་ཅི་ཡང་གོ་རྒྱུ་མེད་པས་རེད།    ལྷ་དར་གྱི་ཕ་དམ་པ་ཚེ་སྐྱབས་ཀྱིས་སྔ་ས་ནས་ལྷ་ལྡན་ཆོས་ཀྱི་ཞིང་དུ་གནས་སྐོར་དང་ཇོ་བོའི་ཞལ་མཇལ་ཞུ་རུ་བསྐྱོད་འདོད་ཡོད་རབས་ཡང་ནས་བསྐྱར་དུ་བཤད་བཞིན་ཡོད་ནའང་ཚེ་སྲོག་གིས་མ་བསྲིང་བས།   ཨ་ཡེ་ལུག་མོས་གཅིག་ནས་ཚེ་སྐྱབས་ཀྱི་ཚེ་འདི་ཡི་རེ་འདུན་བསྐང་རྒྱུ་དང་།    གཉིས་ནས་ཁོང་གིས་ཕྱི་མའི་འཕྲང་ལམ་ནས་བདེ་བའི་ལམ་སྣེ་རྙེད་དེ་དག་པའི་ཞིང་ཁམས་སུ་བསྐྱོད་ཐུབ་ཕྱིར།   ལྷ་དར་ལ་འདས་པོའི་རུས་ཆག་དང་མཆོད་རྫས་བསྐུར་ནས་ལྷ་སར་བརྫང་པ་རེད།

ཐོག་མར་ཨ་ཡེ་ལུག་མོས་ལྷ་དར་གང་མགྱོགསས་ངང་ཚུར་འཁོར་ཡོང་བའི་རེ་བ་དང་ཡིད་ཆེས་བྱས་ཡོད་ཀྱང་།   ལྷ་དར་ཕྱིན་ནས་ལོ་འཁོར་འགྲོ་ཡང་ཁོ་ཡི་སྐོར་གྱི་གནས་ཚུལ་གོ་རིག་ཅི་ཡང་མེད་པས་ཁེར་རྐྱང་གི་སྡུག་བསྔལ་དང་དྲན་སྣང་གི་གདུང་བ།   འཆི་གསོན་གྱི་སེམས་ཁྲལ་སོགས་ལ་ཁོ་མོས་འདང་རྒྱག་གིན་ཁོ་ཡང་རང་གི་ཁྱོ་བོ་ལྟར་ཇག་པས་བར་ཆད་བཏང་བ་མིན་འགྲོ་བསམ་ནས།    སེམས་སྡུག་དྲག་པོས་མནར་ཀྱིན་ཡོད་ནའང་མནའ་མའི་མདུན་ནས་སེམས་ཀྱི་འགྱུར་བ་འདི་དག་ལུས་ཀྱི་ཉམས་འགྱུར་སྟེང་མི་མངོན་པའི་སྦས་གསང་གང་ཐུབ་ཐུབ་བྱེད།  འདི་ནི་ཨ་ཡེས་ལུག་མོས་མནའ་མའི་མདུན་ནས་རང་ཉིད་ཀྱི་སྤོབས་ཉམས་ཤོར་མི་འདོད་པའི་དོན་དུ་ཡིན་སྲིད་ཀྱང་ངོ་མ་བྱས་ན་གླེན་རྟགས་འབའ་ཞིག་ཏུ་ཁུམས།    སྐབས་དེར་དཀར་ཚོའི་སེམས་པ་ཡང་དངས་སྐྲག་དང་འཇིགས་སྣང་གདུང་བ་བཅས་ཀྱིས་རྦ་རླབས་ཕྱུར་ཕྱུར་བྱེད་བཞིན།  ཕུ་རྒྱུག་མདའ་རྒྱུག་བྱས་ཏེ་ཡར་བླ་མ་མོ་པ་ལ་ཕྱག་མོ་ཞུས་པས་མོ་བབས་ཡག་པོ་འདུག་བཅའ་བ་རིམ་གྲོ་འགའ་བྱས་ན་སྐྱོན་ས་མ་རེད་ཅེས་པའི་ཕྱག་མོ་བབས་པས།  ཨ་མཆོད་གདན་དྲངས་ཏེ་བཅའ་བ་རིམ་གྲོ་གང་བབས་བྱས་ཀྱང་འབྲས་བུ་མེད་ལ།  མར་སྐྱ་མི་དང་ཨ་སྐྱོ་བ་སོགས་རིག་རིག་ཐུག་ཚད་ལ་དྲིས་ཀྱང་ཚང་མ་མགོ་བོ་འཕྲེད་ལ་གཡུག་མཁན་རྐྱང་རྐྱང་རེད།  དོན་རྡོག་རྡོག་གྲང་ལྷག་གིས་གཙགས་པའི་དགུན་ཟླ་གསུམ་གྱི་ནང།   མནའ་མ་དཀར་མཚོས་ཇེ་དགའ་ཚང་གི་སྒོ་ཕྱི་ནང་ཡོངས་ཀྱི་ལས་ཀ་ཡོད་ཚད་ཧུར་ཧུར་འབད་འབད་ཀྱིས་བསྒྲུབས་ཤིང་ཨ་ཡེ་ལུག་མོར་རང་ནུས་གང་ལྕོགས་ཀྱིས་ཁ་དྲིན་ལག་ཡུས་མེད་པར་ནད་གཡོག་བྱས་ནས།  རང་གི་ཁྱོ་བོ་ལྷ་དར་ཚུར་ནམ་འཁོར་ཡོང་བ་ལ་རེ་ལྟོས་བཅངས་ནས་ངང་བསྒུགས་བྱས་ཏེ་བསྡད།

དུས་ཚོད་ཀྱི་རྟ་ཕོ་འགྲོ་མགྱོགསས་པས་ད་ཆ་ཁ་བ་བབས་མཚམས་ཆད་ནས།    ཉི་མའི་འོད་ཟེར་གངས་ལ་ཕོག་སྟེ་འཛིན་མའི་ཁྱོན་ནས་གསེར་གྱི་སྐུད་པ་འབུམ་ཕྲག་གཅིག་ཏུ་འཐེན་པ་ལྟ་བུའི་འོད་ལམ་ལམ་བྱེད་པས་མིག་གིས་ཡང་བལྟ་མི་བཟོད་པ་ཞིག་རེད།     སྡེ་བས་སྒོ་ཟོག་རྩྭ་ཆུ་འཛོམས་སར་འདེད་པའི་སྟ་གོན་ལ་རེམ་ཞིང་གསེར་འོད་འབར་བའི་གངས་དཀར་གྱི་དབྱིངས་སུ།  གནག་ཕྱུགས་དག་ནི་རྫི་བོའི་བཀོད་འདོམས་འོག་ནག་ཤ་རེར་ཐ་ཐོར་དུ་གཤར་ཞིང་།     དུད་ཁྱིམ་རེ་རེའི་ཁང་ཀླད་ནས་དུ་བའི་ལྕང་ལོ་སྔོན་མོ་རེ་རེ་གཡའ་དག་པའི་མཁའ་དབུགས་ཁྲོད་གྱ་གྱུར་ལྡིང་།   སྐབས་དེར་ཇེ་དགའ་ཚང་གི་སྒོ་ཟོག་ད་དུང་ལྷས་ནས་ཕུད་མེད་པས་དོན་དག་ཚབས་ཆེན་ཞིག་བྱུང་ཡོད་པ་ཕལ་ཆེར་ཤེས་ཡོང་།    སྐྱིད་ཉི་མ་གཉིས་བརྩེགས་མེད་པར་སྡུག་ཉི་མ་གསུམ་བརྩེགས་ཞེས་པའི་འཇིག་རྟེན་ཁ་དཔེ་དེ་ཏག་ཏག་མནའ་མ་དཀར་མཚོའི་མགོ་ཐོག་ཏུ་ལྷུང་།    མོས་འོ་མ་བཞོ་ཟོ་ཕྱེད་ཀ་ཙམ་བླངས་པ་དེ་ཁྱིམ་ཕུག་གི་སྣོད་ཆས་འཇོག་སར་བཞག་ནས་ཚུར་ཨ་ཡེ་ལུག་མོ་ལ་སྔ་ཇ་ལྡུད་དུ་ཡོང་བར་བརྩམས་པ་ན།    ཨ་ཡེ་ལུག་མོ་ནི་ཁ་ཝུ་བ་འཛར་རེར་གན་རྐྱལ་དུ་ལོག་ནས་འགུལ་མེད་དུ་བརྒྱལ་འདུག་པས།  བློ་ཡུལ་ལས་འདས་པའི་མིག་སྔོན་གྱི་གནས་ཚུལ་འདིས་ཁོ་མོ་ཧ་ལས་ཤིང་ཧོན་ཐོར་ཏེ།    ཨ་མ་མ་་་ཞེས་སྐད་ཆེན་པོ་ཞིག་ཤོར་བ་དང་ཕྱི་ནུར་བྱས་པས་ལག་གི་ཇ་ཕོར་སར་ཤོར་ནས་དུམ་བུ་གཉིས་ལ་སོང་འདུག དེ་ནས་མོས་སེམས་སྲ་སྲ་དང་སྙིང་དཔའ་དཔའ་བྱས་ཏེ་ཨ་ཡེའི་དབུགས་ལ་དཔྱད་པར།  མཆུ་སྣའི་མཚམས་སུ་དྲོད་ཏིལ་འབྲུ་ཙམ་ཡང་བསྡད་མེད་ཐོག་མིག་གྱེན་དུ་བགྲད་དེ་ངོ་གདོང་གང་བོ་ཆུ་རྡོ་སྔོ་ཡུའི་མདོག་ལྟར་གྱུར་ཡོད་པས་དབུགས་ཀྱི་རྒྱུ་བ་ཆད་ཟིན་པ་ཤེས་ནས།   སྒོ་ཟོག་གི་ལས་ཀ་ཁྱིམ་མཚེས་དང་དགའ་ས་དག་ལ་བཅོལ་ཏེ།  རྟབ་རྟབ་པོར་ཨ་མཆོད་གདན་དྲངས་ནས་ཨ་ཡེའི་ཚེ་ཕྱི་མའི་ཐར་ལམ་གྱི་འདས་མཆོད་སྤུས་གཙང་ཞིང་འཛོལ་བ་མེད་པ་བསྒྲུབས།  སྐབས་ཐོག་དེར་ཇེ་དགའ་ཚང་ལ་མཚོན་ན་མནའ་མ་དཀར་མཚོ་ནི་ངོ་མ་ནང་གི་ནོར་བུ་དང་ཕྱི་ཡི་ལྕགས་རི་ལྟ་བུར་གྱུར་པ་རེད།

བཞི་པ།

མནའ་མ་དཀར་མཚོས་འཚོ་བའི་ཁུར་པོ་ལ་འཐབ་རྩོད་བྱས་པའི་ལོ་ཟླས་མོའི་ལང་ཚོའི་རུས་རྐང་མཐའ་དག་རེ་རེ་ནས་བཅོམ་ཟིན་པས།   རྒས་ཉམས་དོད་ནས་ལོ་ཚོད་དང་སྙོམ་དཀའ་བའི་ཚད་དུ་བསླེབས་ཡོད།   དུས་དེ་ཙམ་ལ་ཏག་ཏག་ལྷ་དར་དབུས་པ་སྐོར་ཞིག་དང་འགྲོགས་ནས་རྟ་དང་ཁལ་མ་མང་པོ་དེད་དེ་ཁྱིམ་དུ་འཁོར་ཡོང་བས།  བལྟས་ཚོད་ལ་ཁོ་ད་བར་ཕལ་ཆེར་ཚོང་ཟོག་མཁོ་སྒྲུབ་དང་ཚོང་ལས་དཔལ་འབྱོར་ཆེད་རྒྱུག་བསྡད་པའི་བཟོ་ཞིག་མངོན་ཡོང་།   ཡུན་རིང་དྲན་པའི་ཁྱོ་བོ་ལྷ་དར་གློ་བུར་དུ་མ་བསམ་ས་ནས་བསླེབས་སྟབས་དཀར་མཚོའི་དགའ་བའི་སྙིང་ཆུང་ལུ་གུ་ལྡིང་ལྡིང་དང་སྤྲོ་བའི་སེམས་པ་རྟ་ཕོ་རྒྱུག་རྒྱུག་བྱེད།  ཐོག་མར་ལྷ་དར་གྱིས་རང་གི་ཨ་མ་ཉེ་འཁོར་ལ་མེད་པ་སྣང་བ་བྱུང་ཡང་ཨ་མའི་ཚེ་ཡིས་མ་ཟིན་པའི་སྐོར་ལ་སྣང་དོགས་ཅི་ཡང་མ་བྱུང་།  དེ་ནས་ཁོས་ག་ལེར་རང་གི་མ་བཟང་མོ་ཞིང་ལ་ཕེབས་ཟིན་པ་རིམ་གྱིས་ཤེས་ཏེ།   ཤི་དོན་ཤི་རྐྱེན་ཀྱི་རྒྱབ་ལྗོངས་དང་འབྲེལ་བའི་སྐད་ཆའི་མགོ་རྔ་འདྲི་ལོང་མེད་པར།  ”ཡུག་མོ་རབས་ཆད་མ་ཁྱོད་ངའི་མནའ་མར་ཡོང་ནས་བཟུང་།   ངེད་ཚང་ལ་བཀྲ་ཤིས་པ་ཉིན་གཅིག་ཀྱང་བྱུང་མ་མྱོང་།    དེ་སྔོན་ཁྱོད་དང་གཉེན་བསྒྲིགས་པས་ངའི་ཕ་རྒན་གྱི་སྲོག་ཇག་པས་བཀུམས་སོང་།  ཡང་ད་ལྟ་ང་མེད་ཤུལ་དུ་ཁྱོས་ངའི་མ་རྒན་སྡུག་ཐང་མནར་གཅོད་བཏང་ནས་བསད་འདུག   སྡུག་གི་སྣེ་འདྲེན་མ་ཁྱོད་དེ་རིང་རྩ་མོ་མི་འཇོག་ཁོ་ཐག་ཡིན། ” ཞེས་སྨྱོ་བ་ལྟར་སྐད་ཆེན་པོས་སྡིག་བཞིན་རྟ་ལྕག་གནམ་ལ་ཕྱར་ཏེ་བརྡུངས་བར་བརྩམས་པ་ན།   དེར་གནས་རོགས་པ་ཚོས་བར་སྡུམ་འགོག་སྲུང་བྱས་པས་མོའི་ལུས་ཀྱིས་ལྕག་ཚན་གྱི་རྡུང་རྡེག་མྱོང་མ་དགོས་ཙམ་བྱུང་ཡང་།   ཕྱི་མི་ཡི་སྔོན་ནས་སུ་ལའང་མ་འཛེམ་པར་འཁང་ར་དང་འཁོན་སེམས་འདྲེས་པའི་དམའ་འབེབས་ཀྱི་དམོད་པ་ཅི་སྡུག་ཅི་ངན་སྨྲས་འོངས་བས།  ད་སོ་མ་དགའ་སྤྲོས་མེ་ཏོག་འཁྲུངས་བའི་དཀར་མཚོའི་སེམས་པ་དེ་ཐོར་བྱུང་དུ་བབས་པའི་སེར་རྒོད་འདྲ་བའི་སྡིགས་དམོད་ཀྱིས་རྨིག་མེད་དུ་བཅོམ་སོང་ན།   ཁོང་ཁྲོ་དང་སེམས་སྡུག་གཅིག་ཏུ་འབར་ནས་སྙིང་དམར་པོ་དུམ་བུ་དགུ་ལ་གཏུབས་པ་འདྲ་བའི་ན་ཟུག་ཅིག་ཤ་གསེང་རུས་གཏིང་ནས་ལངས་སོང་།

ཇ་ཡུན་གཉིས་ཙམ་སོང་མཚམས་ལྷ་དར་གཞི་ནས་ལྷོད་ལ་བབས་ཏེ་བཤད་དོན”ངས་ཐག་གཅོད་བྱས་ཟིན།   ད་ནས་འུ་གཉིས་ཤ་ཁ་ཁ་དང་གྲི་སོ་སོ་ཡིན།  མ་གཞི་ནས་ངའི་སེམས་ནང་ཁྱོད་གཡོག་མོ་ཙམ་ལས་བཟའ་ཚང་གི་ཚད་དུ་བཞག་མྱོང་མེད།  ཁྱི་སྤྱང་ངན་འབྲེལ་བྱེད་མཁན་ཁྱོད་ངའི་ཁྱིམ་དང་སྡེ་བ་འདི་ནས་ཁ་བྲལ་དགོས།   འདི་ནི་ལོ་གསུམ་གྱི་རིང་ཁྱོད་ཀྱིས་ང་དང་ཉལ་རོགས་བྱས་པའི་ངོ་ལ་བལྟས་ནས་གུ་ཡང་གི་ཐག་གཅོད་ཡིན། ” ཞེས་དཀར་མཚོའི་རྣ་རྩར་ཚེར་མ་ལྟ་བུའི་སྐད་ཆ་རྣམས་བཙན་གྱིས་བླུགས།  མོས”ཡག་ན་སྡུག་ན་འུ་གཉིས་ལུགས་མཐུན་གྱི་བཟའ་ཚང་རེད།  ཁྱོད་ཀྱི་ཕ་དམ་པ་འུ་ཚང་ལ་དྲིན་ཆེན་ཡིན་ལ་ཁྱོད་ཀྱི་མ་ཡང་ངའི་མ་དང་ཁྱད་མེད་པས།  ཁྱོད་ཀྱི་ཨ་མ་ཇི་ལྟར་གསོད་ཕོད་དེ་ངས་ཁོ་མོར་རང་ནུས་གང་ལྕོགས་ཀྱིས་ལྟ་སྐྱོང་བྱས་པ་ཡིན།  ཁྱོད་ཀྱིས་སེམས་ཡོད་པའི་སྐད་ཆ་བཤད་ན་ཨེ་ཆོག་གི”ཞེས་སེམས་ཆུང་ངང་ཁོ་ཡི་བསམ་མནོ་ཡོ་སྲང་བྱེད་པའི་དྲང་གཏམ་སྨྲས་ཀྱང་།  སྐད་ཆ་འདི་ནི་སྟག་གཟིག་ལ་ངར་བསླང་བ་ལྟར་གྱུར་ནས།  ལྷ་དར་ཁྲོ་ཉམས་དང་བཅས་ཡར་ལངས་ཏེ”ཁྱོད་ཡུགས་ས་མ་ཞིག་གཡོག་མོ་ཕལ་བ་ཙམ་ལས་འོས་བབས་མེད།  ངའི་ཕ་མ་གཉིས་དང་དོན་གྲུབ་བཅས་ཚང་མ་ཁྱོད་ཀྱིས་བསད་པ་རེད།  ཁ་ནག་མ་ཁྱོས་ད་དུང་སུ་འཁྲིད་རྩིས་ཡོད།  རྗེས་མ་དེ་ངའི་སྲོག་ཨེ་རེད། “ཅེས་ངར་ངར་རྫིག་རྫིག་ཀྱིས་གཤེ་གཤེ་བཏང་བ་དང་།  མཛུབ་མོ་ཐོད་པར་ཀེར་ནས་ལྕག་ཚན་གྱིས་སྐྱེལ་མི་དགོས་ན་ཁ་རྐུབ་བཙུམ་སྟེ་ད་ལྟ་ཉིད་དུ་འདི་ནས་ཁ་བྲལ་དགོས་པའི་བཙན་བཀའ་བཏང་།  བལྟས་ཚོད་ལ་ཁོས་དཀར་མཚོ་ཁྱི་ལྡོམ་བཞིན་སྤྱུགས་པ་ནི་རང་ཉིད་ཀྱི་ཚེ་སྲོག་ལ་གེགས་བར་མི་ཡོང་བའི་ཆེད་དུ་ཡིན་པའི་བཟོ་ཞིག་མངོན་འོངས་ཀྱང་།   རྒྱུ་མཚན་གཙོ་བོ་ནི་སྡེ་བའི་ནང་དཀར་མཚོ་ཡི་སྐོར་ལ་སྤྱི་ཚོགས་ཀྱིས་བཟོས་པའི་དཀྲོག་གཏམ་དང་ལབ་གླེང་ངན་པ་ཟམ་རྒྱུན་མི་ཆད་པ་ཞིག་ཆུ་སྐོལ་བཞིན་འཁོལ་གྱི་ཡོད་པས།  རང་དང་ཁྱིམ་ཚང་གི་མིང་མཐོང་སྲུང་བའི་ཆེད་དུ་ལྷ་དར་གྱིས་དཀར་མཚོ་ལ་སྡུག་གྱོང་འདི་སྤྲད་པ་རེད།

དཀར་མཚོས་ནམ་ཡང་འཇིག་རྟེན་གྱི་འགྲོ་ལུགས་ཚུལ་དུ་བཟུང་ནས་ལུགས་མཐུན་དྲང་བཞག་གི་འཚོ་བར་ཧུར་གིས་འབུངས་ཀྱང་ཞེ་མེར་བའི་མཇུག་འབྲས་ཀྱིས་རང་ཉིད་བཙིར་ཡོང་བ་ཚོར་དུས།  ཁོ་མོས་ཞིབ་འདང་གཞུ་འདྲ་བ་ཞིག་བཀུག་པས་ད་ལྟ་ལེ་བདའ་དང་འཁང་ར་ཁུར་མཁན་ལྷ་དར་ཡིན་དགོས་པ་ལས་རང་ཉིད་ནི་ཉེས་མེད་དྭངས་གཙང་ཞིག་ཡིན་པ་ད་གཟོད་རྟོགས་ཀྱང་།   བོང་བུ་གསོས་པའི་ཁེ་མེད་པར་རྔ་མ་བོར་བའི་ངན་ཁག་ཟེར་བ་དེ་མ་བསམ་ས་ནས་རང་གིས་ཁུར་དགོས་བྱུང་བ་ནི་ངོ་མ་འཇིག་རྟེན་དཀར་ནག་གོ་ལྡོག་པ་རང་དུ་འདོད།    སྐྱིད་སྤང་ཁའི་རྩྭ་ལོ་མཉམ་བཟའ་དང་སྡུག་སྔོན་མོའི་ཆུ་བོ་མཉམ་འཐུང་བྱས་ཏེ།   མི་ལོ་ཨ་ལོང་འདྲ་བ་གསུམ་གྱི་རིང་མགོ་སྔས་ཐོག་གཅིག་དང་ལུས་གདན་ཐོག་གཅིག་ཏུ་འཚོ་བ་བསྐྱལ་བའི་ལྷ་དར་གྱི་ཞེ་འཁོན་སྡང་གསུམ་གཅིག་ཏུ་འདྲེས་པའི་དམོད་ཚིག་གིས་མནའ་མ་དཀར་ཚོའི་སེམས་དྲུང་ནས་རྨས་ཡོད་པས།  གཏམ་ལ་ཚོན་ཆ་མེད་ཀྱང་མི་སྙིང་དུམ་བུར་གཏུབས་ཟེར་བའི་གནའ་གཏམ་དེ་བདེན་པར་གྱུར།  དཀར་ཚོའི་དྭངས་བའི་ཡིད་ཀྱི་ངོགས་སུ་ཁོའི་འགྱུར་ལྡོག་ནི་ཤོང་དཀའ་བ་ཞིག་ཏུ་གྱུར་སྟབས།  མི་ཁོག་མི་ཡིས་མི་ལོན།  ཁྱི་ཁོག་དབྱུག་པས་མི་ལོན་ཟེར་བའི་ཁོ་མོའི་ཨ་མའི་གཏམ་དཔེ་དེ་ཡིད་ལ་ཝ་ལེར་འཆར།

དཀར་མཚོ་ཐོག་མར་ལྷ་དར་གྱིས་མནའ་མར་ཡོང་དུས་ཟོག་སྐལ་དང་རྒྱན་གོས་ཉུང་རྒྱུ་མེད་པ་ཞིག་ཡོད་ཀྱང་།  ད་ཆ་ཁོ་མོ་ལྷ་དར་གྱིས་སྤྱུག་དུས་ལག་ཏུ་རྡོག་ཁྲེས་ཆུང་ངུ་ཞིག་ལས་ཅི་ཡང་དར་མེད་པས།  ཚུལ་འདིས་དབང་སྒྱུར་བྲལ་གྱི་དུས་སུ་འཐབ་རྩོད་ཕོག་པའི་མི་བུ་གང་ཞིག་གིས་སྣང་རིས་གསོན་པོ་ཞིག་མངོན་པར་བྱེད།   ད་ནི་དཀར་མཚོ་ནམ་རྒྱུན་ལས་དྲག་ཏུ་གཡུགས་པའི་རླུང་འཚུབ་དང་སྤྲིན་ནག་རབ་ཏུ་འཁྲིགས་པའི་དགོང་མོ་དེར།  རས་ལྭ་སྐྱ་བོ་ཞིག་གིས་མགོ་བོ་བཏུམས་ཏེ་ཁྱུ་དང་བྲལ་བའི་སོས་ཀའི་མ་མོ་ཇི་བཞིན་ལུས་འཁུམ་འཁུམ་དང་གཉའ་ཞུམ་ཞུམ་བྱས་ནས་ལམ་སྣེ་མི་མཐོང་བའི་ལམ་བུ་ཞིག་བརྒྱུད་དེ།   གྲང་ངར་དང་མུན་སྨག་ལ་གདོང་གཏད་ནས་གོམ་ཚུགས་ཁྱར་ཁྱོར་ངང་སོང་ནས་གང་མཚམས་ཤིག་ལ་ཕ་བོང་ཆེན་པོ་ཞིག་གི་ཁད་དུ་བསླེབས།   དེ་ནས་ཕ་བོང་དེའི་འོག་ཏུ་རང་བྱུང་ཁམས་ཀྱིས་དམག་འཐབ་ལ་བག་ཙམ་གཞའ་ནས་གང་དུ་འགྲོ་དགོས་མིན་འདང་རྒྱག་བྱས་ཀྱང་འདི་ན་འགྲོ་སྙམ་པའི་ས་ཆ་ཞིག་མ་རྙེད་པས་ཕ་བོང་འདི་དོ་དགོང་གི་གནས་ཚང་བྱས་ན་འོས་པར་མཐོང་།   དཀར་མཚོ་ཕ་བོང་དེ་ལ་ཁེན་ནས་དབུགས་རིང་ཐན་ཐུན་རེ་འཐེན་གྱིན་རང་ཉིད་འཇིག་རྟེན་གང་ཞིག་ཏུ་འཚོ་ཐབས་བྱས་ན་ད་གཟོད་འོས་འཚམས་ཡིན་མིན་ཞིབ་འདང་འཕངས་ནའང་།  དཀར་མཚོ་ཡི་སྐོར་གྱི་དཀྲོག་གཏམ་རླུང་ཡན་ལྟར་གང་སར་ཁྱབ་ནས་ཡོད་སྟབས་གང་དུ་སོང་ནའང་ཁོ་མོར་སྡང་ཟུག་དང་གཉའ་གནོན་བྱེད་མཁན་ཤ་སྟག་ལས།  རང་གི་སེམས་འདུན་བཞིན་ལྷིང་འཇགས་དང་ཞི་བདེ་ཡིས་གཏམས་པའི་འགྲོ་ཡུལ་ཞིག་གཏན་ནས་མེད་པ་ཚོར།  དཀར་མཚོས་དེ་དུས་གལ་ཏེ་ཨ་མས་མི་ལུས་གསེར་འདྲ་བ་དེ་འདྲ་སྔ་ཚེ་ནས་སྐྱར་ཏེ་ཕྱིན་མེད་ཚེ་ཁོ་མོའི་སྐྱིད་སྡུག་ཡོད་ཚད་གླེང་ས་ཡོད་ལ།  རང་གི་འཚོ་བ་བརྟེན་ས་ཡང་ཡོད་ངེས་ཤིང་དེ་དུས་ཆུ་ཁམ་གང་ལས་མེད་ཀྱང་དགའ་སྤྲོ་ཡི་འཚོ་བར་འཁོད་ཡོད་པ་རེད་ཨང་།  བསམ་པའི་ཨ་མ་དྲན་པའི་ཚོར་འདུ་ཞིག་གློ་བུར་དུ་ལུས་ལ་འཁྱུད་འོངས་བ་ན།  ཀྱེ་ཧུད་་་ང་ངོ་མ་ཁ་ནག་མ་ཞིག་རེད་འདུག་ཅེས་ཆོ་ངེ་འདོན་བཞིན་མིག་ཆུ་ཁྲུམ་ཁྲུམ་དུ་བབས།  དེ་ནས་ཁོ་མོས་དྲེག་པས་ཚོས་པའི་ལག་མགོས་མིག་ཆུ་འབྱིན་ཞོར་བར་སྣང་གི་དབྱིངས་སུ་མིག་ཡར་ཕྱོགས་ཏེ་བལྟས་པས་སྐར་མ་རེ་ཟུང་སྤྲིན་ཀྱི་གསེང་ནས་མངོན་ཆུང་དུ་ཤར་ཙམ་ཤར་ཙམ་བྱེད་པ་ལས།  ཡོད་ཚད་དུ་སྤྲིན་སྟུག་པོས་དམ་པོར་བསྒྲིབས་འདུག  འཇིགས་སུ་རུང་བའི་རླུང་འཚུབ་ཀྱི་སྒྲ་དེ་ད་དུང་བར་མཚམས་མེད་པར་རི་གཞོངས་དང་རི་སུལ།  སྤང་ཐང་དང་བྲག་ངོགས་སུ་འུར་འུར་ཤུར་ཤུར་དུ་རྡེབ་ཀྱིན་འདུག དོ་དགོང་གི་གནམ་འདིས་ཀྱང་དཀར་མཚོ་ཡི་ཉམ་ཐག་ཞིང་ཡ་ང་བའི་སེམས་ཁམས་ལ་མྱ་ངན་གྱི་འོ་དོད་འབུད་ཀྱིན་ཡོད་པ་དང་ཀུན་ནས་མཚུངས།  ནུབ་དེར་མཐའ་མཇུག་ཏུ་དཀར་མཚོས་རང་ཉིད་འགྲོ་སའི་ལམ་ཁ་ཞིག་འདེམས་ཡོད་པ་དང་།  ལམ་དེ་ནི་སྔ་ས་ནས་ཆེད་དུ་རང་ལ་གྲ་སྒྲིག་བྱས་ནས་བཞག་འདུག་སྙམ་ཞིང་ཕ་བོང་ལ་རྒྱབ་བསྙེས་ཏེ་གཉིད་ཀྱི་ཞིང་དུ་རྒྱུ་བར་བརྩོན།

དེ་རིང་གི་གནམ་ངོ་ནི་མདང་དགོང་ལྟར་གྲང་ངར་ཆེན་པོ་ཞིག་མེད་ལ་ནམ་མཁའ་ཡང་སྤྲིན་པས་དེ་ཙམ་བསྒྲིབས་མེད།   འོན་ཀྱང་མདང་དགོང་ལས་མི་འདྲ་བ་སྟེ་སྨུག་པ་སྟུག་པོ་ཞིག་གིས་ཕྱེ་བོ་སྡེ་བའི་རི་ཀླུང་ཡོད་ཚད་བཏུམས་ནས་རྡོག་སྣེ་ཙམ་ལས་མཐོང་མི་ཐུབ་པར་འདུག  སྨུག་པའི་ཡོལ་རས་འཐེན་པའི་གསེང་ནས་བར་བར་ལ་རྫི་བོ་སུ་ཞིག་གིས་སྤྱང་ཀི་བདའ་བའི་ཀི་རིང་ཐན་ཐུན་རེ་མཆེད་ཡོང་ལ།   ཡང་མཚམས་ལན་རེར་རི་མགོའི་ཕུ་ནས་ལ་གཞས་སྙན་མོ་ཞིག་དབྱངས་སུ་བཀུག་པ་བྲག་ཅ་དང་བསྡོངས་ཏེ་སྡེ་འདབས་སུ་ལྷང་ལྷང་ཐོར་དུས་རྒྱུན་ལྟར་ན་སྨུག་པའི་ཁྲོད་ཀྱི་རྫི་བོའི་གླུ་སྐད་ནང་མནའ་མ་དཀར་མཚོའི་སྐད་ངག་འདྲེས་ཡོད་མོད།   དེ་རིང་དེ་ལས་ལྡོག་སྟེ་སྨུག་སྤྲིན་གྱི་ཡོལ་རས་ངོས་སུ་མནའ་མ་དཀར་མཚོའི་མིག་ཆུ་བཞུར་ཡོད།  ད་ནི་དཀར་མཚོས་མདང་དགོང་ཐག་བཅད་པའི་ལམ་དེ་འཇུས་ནས་ཕ་བོང་ཆེན་པོ་དེ་ནས་ཁ་གྱེས་ཏེ་ཐོད་པ་གཡང་ཁ་གཟར་བའི་རྫ་འགག་གི་འཕང་ལ་ཕྱོགས་ནས་ལྗིད་ཏིག་ཏིག་གི་གོམ་ཁ་སྨུག་སྤྲིན་གྱི་བར་ལ་འཚང་ནས་ཁྱར་ཁྱོར་དུ་ཆས་སོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *