པོ་ཏ་ལ།

རྩོམ་ཡིག་འདི་ཐེངས་ 1054 བཀླགས་འདུག

ས་རཱ་མཐོ་སློབ། འཕྲིན་ཆོས་ནས།

འགྱིང་ངེར་བཞུགས་པའི་པོ་ཏ་ལ། ཁྱེད་ནི། ངོ་མཚར་ཆེ། བརྗིད་ཅིང་ཆགས། འོན་ཀྱང་ཁྱེད་ཀྱི་རང་དབང་རྩ་བ་ནས་འཕྲོག་པས། ཉིན་མཚན་ལ་དབྱེ་བ་མེད་པར། བདག་ལ་སྐྱོ་བ་དང་འཇིགས་སྣང། དངངས་ཚབ་ཀྱིས་ཁེངས་ཤིང། ད་ནི་གདུང་དབྱངས་ཤིག་འདི་ལྟར་ལེན་་ཤོར། པོ་ཏ་ལ། ཁྱེད་ཀྱིས་གསན་པ་ཨེ་བྱུང།གདུང་དབྱངས་ཕྲ་མོ་འདི་ནི། དེ་རིང་ཙམ་མིན་ལ། ཁ་སང་གི་དེ་ཡང་མིན། དེ་ནི་ཡུན་རིང་པོའི་སྔོན་ནས་ཁྱེད་ཕྱོགས་སུ་ཡང་ཡང་སྤྲིངས་ཤིང།

ཨེ་མ།  ཁྱེད་མཇལ་ཐུབ་པ་ནི་པར་རིས་དང་བརྙན་ཐུང་ཁོ་ན་ལས་མ་འདས་མོད། མཇལ་བ་ཙམ་གྱིས་ངས་ལྷ་ས་མཐོང་གིན་འདུག་ལ་རང་ཉིད་ལའང་བདག་པོ་ཞིག་ཡོད་པ་དེ་ནས་རྟོགས་བྱུང། པོ་ཏ་ལ། ཁྱེད་ཀྱི་རྩིག་ལྡེབས་རེ་རེར་མི་རིགས་ཀྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལྡན་ཡོད་པའང་ཤེས་བྱུང། ཤེས་དགོས་པ་ནི། ངས་ས་མཐར་བསྙེགས་དགོས་པའི་ཆེས་ཐོག་མའི་དམིགས་ཡུལ་དེའང་ཡིན།

པོ་ཏ་ལ། ཁྱེད་ནི་ནམ་ཡང་ངའི་མི་རིགས་ཀྱི་སྲོག་ཤིང་འཁྲུལ་མེད་ཅིག། ཁྱེད་མེད་ན། ང་ཚོས་བདེན་དཔང་གཏུགས་མི་ཕོད། ཁྱེད་མེད་ན། མེས་པོའི་ཞབས་རྗེས་ཀྱང་ཁད་དུ་ཡལ་འགྲོ། ད་ལྟ། ཆེས་ཕམ་པ་ཞིག་ནི། སྲོང་པོར་ལངས་པའི་ཤིང་སྡོང་རེ་རེ་བཞིན་དམག་མི་ལྗང་ཁུ་དག་གིས་ལྗང་ཐེང་ངེར་ཁྱེད་ཀྱི་ཕྱོགས་བཞི་མཚམས་བརྒྱད་ནས་བསྐོར་བའི་ཚེ་ན། ཁྱེད་ནི་སྡོམ་ཐག་གི་ར་བའི་ནང་ཚུད་པའི་གངས་སེང་ཞིག་དང་མཚུངས།

ད་དུང། སྐར་ལྔ་རྟགས་ཅན་གྱི་དར་དམར་དེས་ཉིན་ལྟར་དམར་མདངས་ངོམ་ཞིང་མཁའ་དབྱིངས་སུ་བསྒྲེངས་ཏེ། ལྷབ་ལྷུབ་ཏུ་གཡོ་འགུལ་དང་བཅས་ཁྱེད་ཀྱི་སྐུ་སྟོབས་ལ་འགྲན་གང་ཐུབ་བྱེད་ཀྱིན་གདའ། དེ་ནི། མིག་ལ་མི་མཛེས། སྣང་བར་མི་འགྲོ། དེ་ལས་ལྡོག་སྟེ་ངའི་ཟུངས་ཁྲག་ཚ་ཤིག་ཤིག་ཏུ་འགྱུར། ཁྱེད་ཀྱི་ཞབས་འོག་གི་གཞུང་ལམ་ཁྲོད་ནས། ཉིན་ལྟར་བགྲེས་སོང་དག་ལ་དལ་ལྷོད་མེད་པར་ཕྱག་གཉིས་སྙིང་ཁར་ཁ་སྤྲོད་དུ་འབྱར། མཆུ་ལྷབ་ལྷབ་ཏུ་གཡོ་ཞིང་ཁ་ཁུ་སིམ་མེར་སྨོན་ལམ་བཏབ་པ་ལས། སྨོན་ཚིག་ནི་གྲགས་མི་ཆོག། ༧རྒྱལ་བའི་མཚན་ནི་འབོད་ག་ལ་ཆོག།

ཁོ་ཚོས་ཕྲེང་རྡོག་གཅིག་འཇུག་གཉིས་མཐུད་དུ། མ་ནི་སྐྱོར་གྱིན་སྐྱོར་གྱིན་ཁྱེད་ཀྱི་སྐུ་རྒྱབ་ལ་དབུ་ཐུག་ལན་འགའ་བྱས་ཏེ་ལོག་འགྲོ་བ་ནི་རྒྱུན་གཏན་ཡིན། ད་ནི། དར་དམར་དང་དམག་མི་ལྗང་ཁུ་དག་ལ་ཁྲོ་ཚོད་ཡིན་ཨང། པོ་ཏ་ལ། ཡུལ་གྱར་བ་བདག་གིས། རྒྱང་ཐག་རིང་པོ་རིང་པོ་ནས་ཁྱེད་ལ་ཕྱི་སྐོར་ལན་གསུམ་དང་བཅས་མཇལ་ཕྱག་ཅིག་འབུལ་ན་འདོད། འོན་ཀྱང། རྒྱང་རིང་ནས་ཆུ་ཞག་འཁོར་བའི་འདྲེན་བྱེད་གཉིས་པོས་ཉིན་ལྟར་ཁྱེད་ཕྱོགས་སུ་ཅིར་ཞིང། ཕྱི་བལྟས་ཇི་ཙམ་བྱས་པའང་གྲངས་ལས་འདས་སོང།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *