<<སྙན་ངག་མེ་ལོང་>>གི་མཚན་བྱང་ལ་དཔྱད་པ།

རྩོམ་ཡིག་འདི་ཐེངས་ 1286 བཀླགས་འདུག

 ས་རཱ་མཐོ་སློབ།  རྫ་སྲས་བདེ་ཆེན།

[ནང་དོན་གནད་བསྡུས།]  སྙན་ངག་མེ་ལོང་གི་རྩ་དཔེ་དང་རྩ་འགྲེལ་རྣམས་སུ་དེའི་མཚན་བྱང་མི་འདྲ་བ་བཅུ་ཕྲག་ཅིག་བྱུང་བ་གསལ་འདོན་གྱིས་དེ་དག་ལས་ཚིག་རྒྱན་གྱི་བསྟན་བཅོས་ཞེས་པའི་མཚན་བྱང་ལ་ཆེད་དུ་དཔྱད་པ་བྱས་ཡོད།

 

[ཐ་སྙད་གཙོ་གྲས་ཁག]  མཚན་བྱང་། མཚན་དོན། སྙན་ངག་མེ་ལོང་། རྒྱན་གྱི་བསྟན་བཅོས། ཚིག་རྒྱན་གྱི་བསྟན་བཅོས། དོན་རྒྱན། སྒྲ་རྒྱན། ཚིག་རྒྱན།

སྔོན་གླེང་།

 

 

བསྟན་འགྱུར་དཔར་མ་ཁག་དང་སྙན་འགྲེལ་རྣམས་སུ་སྙན་ངག་མེ་ལོང་ལ་མཚན་བྱང་མི་འདྲ་བ་མང་དག་ཅིག་བྱུང་ཡོད་ཅིང་། རྩོམ་ཐུང་འདིའི་འགན་ཁུར་ཡང་རྩ་འགྲེལ་གཙོ་གྲས་ཁག་ཅིག་ཏུ་གསལ་བའི་མཚན་བྱང་མི་འདྲ་བ་རྣམས་གསལ་འདོན་བྱས་ཏེ་མཚན་དོན་ལ་དཔྱད་པ་གཏོང་རྒྱུ་དེ་ལགས། སྔར་རྒྱ་གར་མཁས་པའི་ལུགས་ལ་[1] བཤད་བྱའི་གཞུང་གི་མིང་ལ་ཅི། སུ་ལ་བྱས། སུ་ཡིས་བྱས། གཞུང་ཚད་ཅི། དགོས་པ་ཅི་བཅས་གླེང་སློང་ལྔའི་སྒོ་ནས་གཞུང་འཆད་སྲོལ་ཡོད་པ་དང་། དཔང་ལོ་ཆེན་པོའི་སྙན་ཊིཀ་ནས་བཟུང་བོད་ཀྱི་སྙན་འགྲེལ་གྲགས་ཆེན་ཁག་ཅིག་ཀྱང་འདིའི་རྗེས་སུ་འབྲངས་ནས་བཀྲལ་འདུག་པས། ཐོག་མར་བསྟན་བཅོས་ཀྱི་མཚན་བྱང་ལ་གོ་བ་བསྐྱེད་རྒྱུ་འདི་སྔོན་ཆད་མཁས་པའི་ཕྱག་ལེན་དང་བསྟན་བཅོས་འཆད་ཐབས་ཁྲོད་དུ་དོ་གལ་ཆེ་བ་ཞིག་ལ་བརྩི་གནང་མཛད་ཡོད་ཅིང་། མེ་ལོང་ལ་མཚན་བྱང་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད་པ་དེས་འགྲེལ་བཤད་མཁན་པོ་སོ་སོས་མེ་ལོང་ལ་བཟུང་པའི་ལྟ་ཚུལ་སྣ་ཚོགས་པ་དེ་མཚོན་ཞིང་། མཁས་པ་སོ་སོའི་དགོངས་ཕྱོགས་སྣ་ཚོགས་ཤིག་ཐོན་ཡོད་པ་དེས་ཀྱང་མེ་ལོང་དང་འབྲེལ་བའི་བོད་རིག་པའི་དཀའ་གནད་ཅིག་ཡིན་པ་མི་མཚོན་ནམ། མདོར་ན། མཚན་བྱང་འདི་དག་ནི་འགྲེལ་བཤད་མཁན་པོ་སོ་སོའི་ལུགས་ལ་མེ་ལོང་འདི་བཞིན་རྩོམ་གྱི་རིག་པ་ཅི་ཞིག་ཙོ་བོར་སྟོན་པའི་གཞུང་ཡིན་མིན་གྱི་མཚོན་བྱེད་དུ་གྱུར་ཡོད་པ་བཅས་མེ་ལོང་གི་མཚན་བྱང་ལ་དཔྱད་པ་གཏོང་བ་ནི་མེ་ལུགས་ཀྱི་སྙན་གཞུང་དང་རྩོམ་རིག་ཧྲིལ་པོ་ལ་དཔྱད་པ་གཏོང་བ་ལྟ་བུའི་གལ་ཆེན་རང་བཞིན་ལྡན་མོད། ད་བར་འདི་ལ་ཆེད་དུ་ཞིབ་འཇུག་གིས་རྩོམ་བྲིས་པ་དེ་འདྲ་མི་འདུག་པས་འདིར་ཆེད་དུ་གླེང་སློང་ཙམ་བྱ་བའི་ཁུར་བླངས་པའོ།

 

གཅིག <<མེ་ལོང་མ>>འི་རྩ་ཚིག་གི་དབུར་བཀོད་པའི་མཚན་བྱང་མི་འདྲ་བ་ཁག

 

འདིར་མེ་ལོང་གི་རྩ་བར་བཀོད་པའི་མཚན་བྱང་གི་སྐོར་ནི་དཔར་གཞི་མི་འདྲ་བའི་<<བསྟན་འགྱུར>>་ཁག་བཞི་དང་། <<སྐད་གཉིས་ཤན་སྦྱར་གྱི་བསྟན་བཅོས་>> མི་འདྲ་བ་ཁག་གཉིས། <<དཔང་ལོས་མཆན་བཀོད་པའི་ཤོང་འགྱུར་མེ་ལོང་།>> <<བོ་དོང་པཎ་ཆེན་གྱི་གསུང་འབུམ་>>དུ་བཞུགས་པའི་རྩ་བ་བཅས་ལ་གཞི་བཅོལ་ནས་བལྟ་ན། སྤྱིར་བསྟན་འགྱུར་ཁྲོད་ཀྱི་མེ་ལོང་གི་རྩ་བ་དང་སྐད་གཉིས་ཤན་སྦྱར་ཁག་ཏུ་བྱུང་བའི་རྩ་བ་སོགས་གང་ཡིན་ཡང་གཞུང་འཆད་པའི་སྔོན་འགྲོའི་སྐད་གཉིས་ཤན་སྦྱར་གྱི་སྐབས་སུ་མི་འདྲ་ས་ཆེར་མེད་པར་འགྱུར་ཐམས་ཅད་ལ། “རྒྱ་གར་སྐད་དུ། ཀཱ་བྱཱ་དརྴ། བོད་སྐད་དུ། སྙན་ངག་མེ་ལོང་།” ངམ། ཡང་ན་“སྙན་དངགས་ཀྱི་མེ་ལོང་”ཞེས་སོགས་དྲུག་སྒྲ་བསྡུས་མ་བསྡུས་ཀྱི་ཁྱད་དང་། “ངག”དང་“དངགས” “ངགས་”ཞེས་འབྲི་སྟངས་ མི་འདྲ་འགའ་རེ་བྱུང་ཡོད་པ་ཙམ་ལས་དོན་ལ་ཁྱད་པར་ཆེར་མེད་ན་ཡང་། བསྟན་བཅོས་ཀྱི་དབུར་བཀོད་པའི་མཚན་བྱང་ལ་ལེགས་སྦྱར་གྱི་རྩ་ཚིག་གི་མཚན་བྱང་དུ་མི་གསལ་བའི་མཚན་བྱང་བཀོད་པ་རེ་ཟུང་བྱུང་ཡོད། དེ་ཡང་མེ་ལོང་འདི་བཞིན་སྣར་ཐང་དང་པེ་ཅིན་བསྟན་འགྱུར་གྱི་པོད་ཤེ་པ༽ དང་། རིམ་པ་བཞིན་མདོ་དང་མངོན་བརྗོད་ཀྱི་སྡེ་ཚན་དུ་བཞུགས་ཤིང་། མཚན་བྱང་ལ་“ཚིག་གི་རྒྱན་གྱི་བསྟན་བཅོས་སྙན་དངགས་མེ་ལོང་།”①ཞེས་དང་དེའི་སྐད་གཉིས་ཤན་སྦྱར་གྱི་ཐད་དུ་ “བོད་སྐད་དུ། སྙན་དངགས་ཀྱི་མེ་ལོང་”ཞེས་བྱུང་། སྡེ་དགེ་དང་ཅོ་ནེའི་བསྟན་འགྱུར་གྱི་པོད་སེ་པ་༽ དང་སྒྲ་མདོའི་སྡེ་ཚན་དུ་བཞུགས་ཤིང་། མཚན་བྱང་ལ་“སྙན་ངག་མེ་ལོང་།”②ཞེས་དང་དེའི་སྐད་གཉིས་ཤན་སྦྱར་གྱི་སྐབས་སུ་ཡང་འདི་བཞིན་བྱུང་། གཞན་ཡང་སྐད་གཉིས་ཤན་སྦྱར་གྱི་བསྟན་བཅོས་ཁག་སྟེ། སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་<<སྐད་གཉིས་ཤན་སྦྱར།>> དུ་“དབྱུག་པ་ཅན་གྱིས་བྱས་པའི་སྙན་ངག་མེ་ལོང་མ་”③ཞེས་གསལ་ལ། ཨ་ཅཱརྱ་ཤེས་གྲུབ་བསྟན་འཛིན་སོགས་ཀྱི་<<སྐད་གཉིས་ཤན་སྦྱར།>>[2] ནི་མ་རྩོམ་ལེགས་སྦྱར་གྱི་ཡི་གེ་རང་དུ་བྲིས་ཡོད་པ་ཙམ་ལས་མཚན་བྱང་གི་སྐོར་ལ་སི་ཏུའི་ཤན་སྦྱར་དང་མི་འདྲ་བ་མེད། དཔང་ལོས་མཆན་བཀོད་པའི་ཤོང་འགྱུར་དུ་“སྙན་ངག་མེ་ལོང་གི་གཞུང་ཤོང་འགྱུར། དཔང་ལོའི་མཆན་དུ་བཀོད་པ”ཞེས་དང་སྐད་གཉིས་ཤན་སྦྱར་གྱི་སྐབས་སུ་“སྙན་ངག་གི་མེ་ལོང་”④ཞེས་གསལ། བོ་དོང་པཎ་ཆེན་གྱི་གསུང་འབུམ་ཁྲོད་བཞུགས་པའི་མེ་ལོང་གི་རྩ་བར་“སྒྲ་རིག་པའི་ཡན་ལག་སྙན་ངགས་ཀྱི་མཚན་ཉིད་རབ་ཏུ་གསལ་བའི་མེ་ལོང་”[3] ཞེས་གསལ་བ་བཅས་གོང་གསལ་མེ་ལོང་གི་རྩ་དཔེ་མི་འདྲ་བ་ཁག་བརྒྱད་[4] དུ་གཤམ་ནས་འབྱུང་འགྱུར་གྱི་བོད་འགྲེལ་ཁག་ཅིག་གི་ལུགས་ཏེ། “ཚིག་གི་རྒྱན་གྱི་བསྟན་བཅོས་སྙན་ངག་མེ་ལོང་”ཞེས་པ་དང་། རྒྱ་དཔེ་རང་དུ་གསལ་བའི་མཚན་བྱང་སྟེ“སྙན་ངག་མེ་ལོང་།” (Kavyadarsa) ཞེས་པ། “སྙན་ངག་གི་མཚན་ཉིད་རབ་ཏུ་གསལ་བའི་མེ་ལོང་”ཞེས་པ་བཅས་རིགས་མི་འདྲ་བ་ཆེ་ཁག་གསུམ་ཙམ་བྱུང་ངོ་། །

 

གཉིས། སྙན་འགྲེལ་རྣམས་སུ་བྱུང་པའི་མཚན་བྱང་མི་འདྲ་བ་ཁག

 

མེ་ལོང་མའི་རྩ་བ་རང་དུ་དེ་ལ་མཚན་ཅི་བྱུང་གོང་དུ་སྨྲས་ཟིན་ལ། འདིར་མེ་ལོང་མའི་བོད་འགྲེལ་ཁག་ཏུ་དེ་ལ་མཚན་ཅི་གསོལ་གྱི་སྐོར་ནི། དུས་རབས་བཅུ་གསུམ་ཡས་མས་སུ་བྱུང་བའི་མེ་ལོང་གི་བོད་འགྲེལ་ཐོག་མ་<<དཔང་ཊཱིཀ་>>ནས་དུས་རབས་བཅུ་དགུའི་སྨད་ཙམ་ལ་བྱུང་བའི་འཇུ་མི་ཕམ་གྱི་སྙན་འགྲེལ་<<སྙན་དངགས་མེ་ལོང་གི་འགྲེལ་བ་དབྱངས་ཅན་དགྱེས་པའི་རོལ་མཚོ>>འི་དབར་ཏེ། བགྲང་བྱ་དྲུག་བརྒྱའི་རིང་གི་སྙན་འགྲེལ་རྙིང་གྲས་བཅུ་ཕྲག་ཅིག་གཞིར་བཟུང་གིས་བལྟ་བར་བྱ། སྙན་འགྲེལ་དེ་དག་ལས་སྙན་འགྲེལ་སོ་སོའི་མཚན་བྱང་དང་སྦྲགས་ནས་མེ་ལོང་གི་མཚན་འབོད་སྟངས་མི་འདྲ་བ་སྣ་ཚོགས་བྱུང་ཡོད། སྤྱིར་ས་སྐྱ་པཎྚཏའི་<<མཁས་འཇུག་>> དུ་མེ་ལོང་གི་མཚན་ལ་“ཚིག་གི་རྒྱན་གྱི་བསྟན་བཅོས་”⑤ཞེས་བྱུང་ཡོད་ལ། <<དཔང་ཊིཀ>>གི་གཞུང་དངོས་གཞིའི་སྐབས་སུ་ཡང་མེ་ལོང་མ་“ཚིག་རྒྱན” གྱི་ཁོངས་ཡིན་ཚུལ་བཤད་ཡོད་པས་མེ་ལོང་མ་ཚིག་རྒྱུན་གྱི་གཞུང་དུ་འདོད་པའི་ལྟ་བ་དེ་ཅུང་སྔ་མོ་ཞིག་ནས་བྱུང་ཡོད་ཀྱང་། སྐབས་འདིར་མེ་ལོང་མའི་འགྲེལ་བ་ཁག་གི་མེ་ལོང་མ་ལ་མཚན་གསོལ་ཚུལ་དང་དེའི་བྱུང་རིམ་ཅི་ཡིན་བཤད་པ་གཙོ་བོ་བཟུང་ཡོད་པས། དང་པོར་དཔང་ལོའི་འགྲེལ་བར་བྱུང་བའི་མེ་ལོང་གི་མཚན་བྱང་ནས་བཟུང་སྟེ་གླེང་དགོས། གང་ལྟར་ཁོ་བོར་ལག་སོན་བྱུང་བའི་མེ་ལོང་མའི་འགྲེལ་བ་རྙིང་གྲས་བཅུ་ཕྲག་ཅིག་ཏུ་མེ་ལོང་མ་ལ་མཚན་བྱང་མི་འདྲ་བ་སྣ་ཚོགས་བྱུང་ཡོད་པ་ནི། ) དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་སྙན་འགྲེལ་དུ་མེ་ལོང་གི་མཚན་བྱང་ལ་“སྙན་ངགས་མེ་ལོང་”ཞེས་བྱུང་ཞིང་། ) སྣར་ཐང་སངྒ་ཤྲཱི་དང་རིན་སྤུངས་བ་ངག་དབང་འཇིགས་གྲགས། རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་བཅས་ཀྱི་སྙན་འགྲེལ་དུ་“སྙན་ངག་མེ་ལོང་” ཞེས་དང་། ) པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་སྙན་འགྲེལ་དུ་མཚམས་མཚམས་ལ་“སྙན་ངག་གི་བསྟན་བཅོས” ཞེས་པ་དང་སྐབས་སྐབས་སུ་“ཚིག་རྒྱན་གྱི་བསྟན་བཅོས་སྙན་ངག་མེ་ལོང་།” ཞེས་བཀོལ།  ༤) དཔལ་སྒང་ལོ་ཙཱ་བའི་སྙན་འགྲེལ་དུ་ “ཚིག་རྒྱན་སྙན་ངག་གི་བསྟན་བཅོས་མེ་ལོང་།” ཞེས་དང་། ) བོ་དོང་པཎ་ཆེན་གཉིས་ཀྱི་སྙན་འགྲེལ་དུ་“སྒྲ་རིག་པའི་ཡན་ལག་སྙན་ངགས་ཀྱི་མཚན་ཉིད་རབ་ཏུ་གསལ་བའི་མེ་ལོང་།” ཞེས་དང་། )  འབྲུག་ཁམས་སྤྲུལ་གྱི་སྙན་འགྲེལ་དུ་“རྒྱན་གྱི་བསྟན་བཅོས་མེ་ལོང།” ཞེས་དང་།) འཇུ་མི་ཕམ་གྱི་སྙན་འགྲེལ་དུ་“སྙན་དངགས་མེ་ལོང་།” ཞེས་དང་། ) ཀརྨ་ཚེ་དབང་དཔལ་འབར་གྱི་སྙན་འགྲེལ་དུ་“བསྟན་བཅོས་སྙན་ངག་མེ་ལོང་།” ཞེས་པ་བཅས་བྱུང་སོ། །

 

གོང་སྨྲས་ལྟར་བོ་དོང་པཎ་ཆེན་གྱི་སྙན་འགྲེལ་དང་། དཔང་ལོའི་སྙན་འགྲེལ་དུ་“སྙན་ངགས་”ཞེས་བྱུང་བ་དེ་དང་། སྣར་ཐང་སངྒཤྲི་སོགས་ཀྱི་སྙན་འགྲེལ་དུ་“སྙན་ངག” ཅེས་དང་། འཇུ་མི་ཕམ་གྱི་སྙན་འགྲེལ་དུ་“སྙན་དངགས”ཞེས་དང་དེར་“སྙན་དངགས” ཞེས་དས་འཕུལ་ཡོད་པ་ཅན་ནི་ངག་གི་ཡོན་ཏན་དེ་ལྟ་བུ་སྐྱེད་པར་བྱེད་པའི་གཞུང་དང་།“སྙན་ངག་”ཅེས་དས་འཕུལ་མེད་པ་ཅན་ནི་སྙན་ངག་གི་རྒྱན་དང་ལྡན་པ་སྟེ་སྐྱེས་རབས་སོ་བཞི་བ་ལྟ་བུ་ལ་སྔོན་གྱི་ལོ་ཙཱ་བ་མཁས་པས་བརྡ་མཛད་པ་ཡིན་ཚུལ་གསུངས། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་<<རྒྱུད་སྡེ་སྤྱིའི་རྣམ་>> སུ་བ་ “དངགས” ནི་བརྡ་རྙིང་པ་ཡིན་ཚུལ་གསུངས་པ་སོགས་སྙན་འགྲེལ་རྣམས་སུ་བྱུང་བའི་མེ་ལོང་མའི་མཚན་བྱང་གི་ཟུར་རེ་རེ་ལ་དཔྱད་པ་གཏོང་རྒྱུ་མང་པོ་ཡོད་ན་ཡང་རེ་ཞིག་སྐབས་སུ་མ་བབས་པས་བསྐྱུར། སྐབས་སུ་བབས་པ་ནི་གོང་སྨྲས་བོད་ཀྱི་སྙན་འགྲེལ་ཀྱི་རབས་དང་པོ་སྟེ། དཔང་ལོ་ཙཱ་བ་དང་། བོ་དོང་པཎ་ཆེན། སྣར་ཐང་སངྒ་ཤྲཱི་བཅས་ཀྱི་སྙན་འགྲེལ་དུ་མེ་ལོང་གི་མཚན་བྱང་ལ་ “སྙན་ངག་མེ་ལོང་” ཞེས་པ་དང་། དེ་ནས་རིམ་པས་པཎ་ཆེན་ཤཱཀྱ་མཆོག་ལྡན་དང་། དཔལ་སྒང་ལོ་ཙཱ་བ། འབྲུག་ཁམས་སྤྲུལ་སོགས་ཀྱི་སྙན་འགྲེལ་ཏུ་ “ཚིག་རྒྱན” དང་“རྒྱན”་ཞེས་སྦྱར་འགོ་བརྩམས་ཡོད། གོང་སྨྲས་མཚན་བྱང་དེ་དག་ལས་དོན་གྱི་གནད་ལ་ཁྱད་ཆེ་ཙམ་ཡོད་པ་རྣམས་བསྡོམས་བརྒྱབ་ན། སྙན་ངག་དང་། ཚིག་རྒྱན། རྒྱན་གྱི་བསྟན་བཅོས་ཞེས་མཚན་བྱང་འདོགས་ཚུལ་གྱི་ལུགས་གསུམ་བྱུང་བ་དེ་ཡིན། ལུགས་དང་པོ་ནི། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། བོ་དོང་ཕྱོགས་ལས་རྣམ་རྒྱལ། སྣར་ཐང་སངྒ་ཤྲཱི རིན་སྤུངས་པ་ངག་དབང་འཇིགས་གྲགས། འཇུ་མི་ཕམ་བཅས་ཀྱི་ལུགས་དང་། ལུགས་གཉིས་པ་ནི། འབྲུག་ཁམས་སྤྲུལ་གྱི་ལུགས་དང་། ། ལུགས་གསུམ་ནི། པཎ་ཆེན་ཤཱཀྱ་མཆོག་ལྡན་དང་། དཔལ་སྒང་ལོ་ཙཱ་བ་བཅས་ཀྱི་ལུགས་སོ། །

 

གསུམ། “ཚིག་རྒྱན་གྱི་བསྟན་བཅོས་”ཞེས་པའི་མཚན་བྱང་ལ་ཆེད་དུ་དཔྱད་པ།

 

མེ་ལོང་མའི་རྩ་དཔེ་དང་རྩ་འགྲེལ་ཁག་ཏུ་བྱུང་པའི་མཚན་བྱང་ཆེ་ཁག་གསུམ་པོ་དེ་ལས་སྙན་ངག་དང་རྒྱན་གྱི་བསྟན་བཅོས་སུ་བསྙད་པ་དེ་གཉིས་ནི་རྩ་བའི་དགོངས་པ་དང་རྩ་བ་མཁན་པོའི་བཞེད་པར་མཐུན་ཏེ། མེ་ལོང་དུ་ལུས་རྒྱན་སྐྱོན་སེལ་དང་བཅས་པ་བཤད་ཅིང་སྙན་ངག་ཅེས་པ་ཡང་ལུས་རྒྱན་ཡང་དག་པར་ཚོགས་པ་ཞིག་ལ་མེ་ལོང་མཁན་པོ་རང་གིས་འདོད་པ་དང་། མེ་ལོང་མའི་བརྗོད་བྱ་གཙོ་བོ་དོན་སྒྲ་གབ་ཚིག་གི་རྒྱན་དང་རྗོད་བྱེད་ཚིག་གི་ཚོགས་ཀྱི་རྒྱ་ཆེ་ས་ཡང་འདི་དག་གི་སྐོར་ཡིན་པ་སོགས་རྒྱུ་མཚན་མང་པོར་བལྟོས་ནས་མཚན་བྱང་འདི་གཉིས་ལ་མཚན་དོན་ཧེ་བག་མི་འབྱུང་པས་མད་དོ། ། འོན་ཀྱང་། “ཚིག་རྒྱན་གྱི་བསྟན་བཅོས”ཞེས་པའི་མཚན་བྱང་ལ་མཚན་དོན་ཧེ་བག་གི་ནོངས་པ་ཆེ་ཟོལ་འདུག་སྟེ། མེ་ལོང་མའི་རྩ་དཔེ་རང་དུ་“ཚིག་རྒྱན”་ཞེས་པའི་མཚན་ཉིད་དང་དབྱེ་བ་ལྟ་ཅི་ཐ་ན་“ཚིག་རྒྱན་”ཞེས་པའི་བརྡ་ཆད་ཙམ་ཡང་བྱུང་མེད་ཀྱང་། བོད་འགྲེལ་ཁག་གིས་མེ་ལོང་མའི་གཞུང་ཧྲིལ་བོའི་མཚན་བྱང་ཚུན་ཆད་ལ་བཀོལ་འདུག་པས། འདི་ལ་ངེས་པར་ཞིབ་མོ་རྣམ་འཐག་གི་ལུགས་ཀྱིས་དཔྱད་དགོས་པར་འདོད།

 

སྙན་འགྲེལ་དེ་དག་ལས་ཀྱང་ཚིག་རྒྱན་ཞེས་རྒྱུན་འབྱམས་གྱི་བཤད་སྟངས་ཙམ་ལས་ཚིག་རྒྱན་ནི་འདི་འདྲ་ཞིག་གོ་ཞེས་དེའི་མཚན་ཉིད་དང་དབྱེ་མཚམས་ཁུངས་ལྡན་ཞིག་བཤད་པ་གང་ཡང་རྙེད་དུ་མེད་ཀྱང་། “དོན་རྒྱན” ནི་གཙོ་བོ་བརྗོད་བྱ་དོན་གྱི་སྟེང་ནས་ཉམས་འདོན་སྟངས་ཤིག་སྟེ། ལེའུ་བར་པའི་བརྗོད་བྱ་ལྟ་བུ་དང་། “ཚིག་རྒྱན” (སྒྲ་རྒྱན་)ཞེས་པ་དེ་གཙོ་བོ་རྗོད་བྱེད་ཚིག་གི་ངོས་ནས་ཉམས་མངོན་སྟངས་ཤིག་སྟེ། ཡོན་ཏན་བཅུའི་ཕལ་ཆེ་བ་དང་སྒྲ་རྒྱན་ལྟ་བུ་ལ་གོ་བ་བླངས་ཚེ་རྩ་བའི་དགོངས་པ་དང་མཐུན་ཏེ། ལེའུ་དང་པོས་ “སྙན་པ་ཉམས་ལྡན་ཚིག་དང་ནི། །དངོས་པོ་ལ་ཡང་ཉམས་གནས་པ། །”⑥ཞེས་པའི་ཚིག་དང་དོན་གྱི་ཉམས་གཉིས་བཤད་སྐབས་སུ་ཡང་དེ་ལྟར་དུ་བཤད་ཅིང་། ས་པཎ་གྱི་<<མཁས་འཇུག>> ལས་ཀྱང་“སྒེག་ཅིང་རོལ་པའི་ཚིག་རྒྱན་འཇུག །”ཅེས་དང་། “དཔའ་དྲག་འཇིགས་རུང་རྣམ་གསུམ་ལ། །ཁམས་གསུམ་ཟ་བའི་ངང་ཚུལ་ཅན། །ངོ་བོ་ཉིད་ཀྱི་འཇིགས་རུང་བ། །སྤུ་ཟིང་ཞེས་ནི་བྱེད་པའི་ཆོས། །རྩུབ་པའི་ཚིག་རྒྱན་སྦྱར་བར་བྱ། །”⑦ཞེས་ཚིག་སྦྱོར་རྩུབ་མོ་ལ་རྩུབ་པའི་ཚིག་རྒྱན་བརྗོད་པ་ལྟ་བུ་དང་། འཇུ་མི་ཕམ་གྱི་སྙན་འགྲེལ་ལས་“ཚིག་གི་རྒྱན་དུ་གྱུར་བ་ཡོན་ཏན་བཅུ་དང་། དོན་རྒྱན་སོ་ལྔ་སོགས་ཀྱི་ཚུལ་ཤེས་ན་ཡིད་འཕྲོག་པའི་སྙན་ངག་སྦྱར་བ་ལ་མཁས་”⑧ཞེས་པ་སོགས་ཚིག་རྒྱན་ཞེས་པ་ཡི་གེའི་ལྕི་ཡང་དང་། འཇམ་རྩུབ། ཟུང་ལྡན་བཅས་ཀྱི་སྟེང་གི་རྒྱན་ནམ་ཉམས་ལ་གོ་དགོས་པ་ཤིན་ཏུ་གསལ། ཚིག་རྒྱན་དང་རྒྱན་གཉིས་སོ་སོར་མ་ཕྱེས་ཚེ་འཁྱོག་བརྗོད་མེད་པར་ཡུལ་གྱི་སྣང་ཚུལ་དྲང་ཐད་དུ་བརྗོད་པའི་རང་བཞིན་བརྗོད་པའི་རྒྱན་ལྟ་བུའི་དོན་རྒྱན་ཐམས་ཅད་ཀྱང་ཚིག་རྒྱན་དུ་བཤད་དགོས་པ་སོགས་ཐལ་ཆ་བཟློག་ཏུ་མེད། མ་ཟད་ལེགས་སྦྱར་སྐད་ཀྱི་སྙན་གཞུང་དང་སྙན་འགྲེལ་རྣམས་སུ་ཡང་ཤབྡ་ཨལྐཱར་(Shabdaallankaar) ཞེས་མེ་ལོང་གི་རྩ་བར་ “སྒྲ་རྒྱན” ཞེས་བསྒྱུར་ཡོད་པ་འདི་ཙམ་ལས་ཚིག་རྒྱན་ཞེས་པར་བསྙད་དགོས་ཀྱི་ཐ་སྙད་མེད་ཚུལ་འབྲེལ་ཡོད་ལེགས་སྦྱར་མཁྱེན་མཁན་གྱིས་གསུངས། དེ་བས་ཚིག་རྒྱན་ཟེར་བ་དེ་མཐར་དེད་ན་སྒྲ་རྒྱན་ཞེས་པ་ལས་ཁུངས་[5] གཞན་མི་རྙེད། འོ་ན་མེ་ལོང་མ་ནི་ཚིག་གི་རྒྱན་དེ་ལྟ་བུའི་རྣམ་གཞག་སྟོན་པའི་གཞུང་ལུགས་ཤིག་ཡིན་ནམ་ཞེས་ན། སྤྱིར་མེ་ལོང་གི་སྐབས་སུ་ཚིག་རྒྱན་དེ་འདྲ་བསྟན་མེད་པ་མིན་ཡང་འདི་ཉིད་བསྟན་བྱ་གཙོ་བོར་བཟུང་མེད་པས། འདི་ལ “ཚིག་རྒྱན་གྱི་བསྟན་བཅོས”་ཞེས་པའི་མཚན་བྱང་འབྱོར་དཀའ་བའི་སྒྲུབ་བྱེད་གལ་ཆེ་བ་རེ་གཉིས་ཤིག་སྨྲ་བར་བགྱིའོ། །

 

གཅིག འདིའི་ཚིག་རྒྱན་སྐོར་གྱི་གཞུང་གི་གྲུབ་ཆ་ཤིན་ཏུ་ཆུང་བས་མཚན་དོན་ལ་ཧེ་བག་ཡོད་དེ། མེ་ལོང་ལ་ཁྱོན་བསྡོམས་ཤླཽཀ་དྲུག་བརྒྱ་ལྔ་བཅུ་རྩ་དྲུག་ཡོད་པ་ལས་དོན་རྒྱན་གཙོ་བོར་སྟོན་པའི་ཤླཽཀ་སུམ་བརྒྱ་དྲུག་ཅུ་རྩ་ལྔ་དང་། ཚིག་རྒྱན་གཙོ་བོར་སྟོན་པ་སྟེ། ལེའུ་དང་པོའི་ཡོན་ཏན་བཅུ་དང་སྒྲ་རྒྱན་གཉིས་ལ་ཤླཽཀ་བརྒྱ་དང་བཞི་བཅུ་རྩ་གཅིག་ཡོད། ལྷག་མ་རྣམས་ནི་ལུས་དང་། གབ་ཚིག སྐྱོན་སེལ་བཅས་ཀྱི་སྐོར་ཡིན་པས། ཚིག་རྒྱན་སྟོན་པའི་གཞུང་ཚད་ཀྱིས་མེ་ལོང་གི་སྤྱིའི་བརྒྱ་ཆའི་ཉི་ཤུ་ཡས་མས་ཙམ་ལས་ཟིན་མེད་པ་དང་དོན་རྒྱན་དང་བསྡུར་ན་ཡང་ལྡབ་འགའི་ཁྱད་པར་ཡོད་སྟབས། གཞུང་ཚད་ཀྱི་ངོས་ནས་བཤད་ན་འདི་ཚིག་རྒྱན་གྱི་བསྟན་བཅོས་སུ་བགྲང་བའི་གནས་མེད་དོ། །

 

གཉིས། རྒྱན་གྱི་གྲངས་འབོར་གྱི་ཆ་ནས་མཚན་དོན་ལ་ཧེ་བག་ཡོད་པ་ནི། སྤྱིར་མེ་ལོང་གི་རྩ་བར་བསྟན་པའི་རྒྱན་ལ་སུམ་བརྒྱ་ལྷག་ཅིག་ཡོད་ཅིང་། དོན་རྒྱན་ཉིས་བརྒྱ་ལྷག་དང་སྒྲ་འམ་ཚིག་གི་རྒྱན་ནི་བརྒྱ་ལྷག་ཙམ་ལས་མེད་པས་འདིས་ཀྱང་རྒྱན་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་སུམ་ཅུ་ཙམ་ལས་ཟིན་མེད་ལ། དོན་རྒྱན་དང་བསྡུར་ན་ལྡབ་འགྱུར་གྱི་ཁྱད་འདུག་པས་རྒྱན་སྤྱིའི་གྲངས་འབོར་གྱི་ངོས་ནས་བརྟགས་ན་ཡང་ཚིག་རྒྱན་གྱི་བསྟན་བཅོས་སུ་འགྱུར་ཐབས་མེད། །

 

གསུམ། གོང་སྨྲས་སྒྲུབ་བྱེད་གཉིས་ལས་ཀྱང་དོ་གལ་ཆེ་བའི་སྒྲུབ་བྱེད་གཅིག་ནི་མེ་ལོང་གིས་རྒྱན་གྱི་རིགས་གང་འདྲ་ཞིག་གཙོ་གནད་དུ་བཟུང་ཡོད་མེད་དེ་ཡིན། མེ་ལོང་གིས་ལུས་རྒྱན་སྐྱོན་སེལ་གསུམ་ལས་རྒྱན་གཙོ་གནད་དུ་བཟུང་ཡོད་ལ་དེ་ཡང་དོན་རྒྱན་གཙོར་བཟུང་བྱས་ཏེ་ཚིག་རྒྱན་ནི་ཞར་བྱུང་གིས་བཤད་ཡོད། མེ་ལོང་གི་རྩ་བར་རྒྱན་དང་དོན་རྒྱན་གཉིས་གནད་གཅིག་གིས་བཤད་ཡོད་དེ། “སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །”⑨ཅེས་སོགས་རྒྱན་གྱི་མཚན་ཉིད་དང་རྩོམ་པར་དམ་བཅའ་སོགས་ལེའུ་གཉིས་པའི་མགོ་སྟེ། དོན་རྒྱན་གྱི་དེ་དག་དང་དཀྱུས་གཅིག་ལ་བྱས་པས་མི་ཚད་སྙན་ངག་མཛེས་པར་བྱེད་པའི་ཆོས་ལ་རྒྱན་ཟེར་བ་མ་གཏོགས་ཚིག་གམ་སྒྲ་ཡི་རྒྱན་ཞེས་པ་ཟུར་ཙམ་ཡང་བསླེབས་མེད། མེ་ལོོང་གི་སྐབས་གཞན་དུ་“ཆོས་”དང་“དངོས་པོ་”ཞེས་པ་བརྗོད་བྱ་དང་རྗོད་བྱེད་གཉིས་ཀྱི་བརྗོད་བྱའི་ཡུལ་ལ་གོ་དགོས་ན་འདིར་ཡང་བརྗོད་བྱ་དོན་གྱི་ཉམས་ལ་རྒྱན་ཞེས་བཤད་དགོས་མོད། སྐབས་འདིར་འགྲེལ་བ་རེ་ཟུང་ལས་“ཚིག་གི་སྦྱོར་བ་ཁྱད་པར་ཅན་རྣམས་ལ་ནི་རྒྱན་”⑩ཞེས་དང་། “དེ་མཛེས་པར་བྱེད་པའི་ཡོན་ཏན་ནམ་ཆོས་རྣམས་ལ་ཚིག་གི་རྒྱན་”⑪ ཞེས་ཚིག་གི་རྒྱན་ཞེས་པ་ཞིག་མཚམས་འདིར་བཙན་གྱིས་བསྣན་པ་ནི། བསྟན་བཅོས་ཀྱི་དབུར་རྩ་ཚིག་ཏུ་མི་གསལ་བའི་མཚན་བྱང་བཀོད་ཡོད་པ་དེ་བཞིན་འདིར་ཡང་རྩ་ཚིག་ཏུ་མི་གསལ་བའི་ཚིག་རྒྱན་ཞེས་བསྣན་པ་ཙམ་མོ། ། གཞན་ཡང་དོན་རྒྱན་བཤད་པའི་མཇུག་ཏུ་“རྒྱ་ཆེ་མཐའ་ཡས་རབ་བསྡུས་ཚད་དུ་གྱུར་པ་ཡི། །རྒྱན་རྣམས་དག་གི་ལམ་འདི་ཉིད་ནི་རྣམ་པར་ཕྱེ། །”⑫ཞེས་སོགས་དོན་རྒྱན་བཤད་ཚར་བ་དང་རྒྱན་བཤད་པའི་མཇུག་བསྡུ་ཡང་བྱས་ཡོད་ལ། མེ་ལོང་གིས་རྒྱན་ཞེས་སུ་བསྙད་པ་དེ་དག་དོན་རྒྱན་དུ་བསྡུས་ནས་བཤད་པ་འདིའི་ཐད་ལ་འཇུ་མི་ཕམ་གྱིས་ “སྙན་ངག་གི་རྒྱན་གྱི་དབྱེ་བ་ཕྲ་མོའི་རྣམ་གྲངས་ཕྱེ་ན་རབ་ཏུ་རྒྱ་ཆེ་ཞིང་མཐའ་ཡས་པའི་རྒྱན་རྣམས་ལ་ཁྱབ་བྱེད་ཀྱི་རིགས་རབ་ཏུ་བསྡུས་ནས་དོན་རྒྱན་སོ་ལྔ་ཞེས་པའི་གྲངས་ཀྱི་ཚད་དུ་གྱུར་པ་ཡི་རྒྱན་རྣམས་དག་གི་ལམ་འདི་ཉིད་ནི་ཤིན་ཏུ་གསལ་པོར་རྣམ་པར་ཕྱེ་བར་བྱས་སོ། །”⑬ ཞེས་སྙན་ངག་གི་རྒྱན་དོན་རྒྱན་དུ་བསྡུས་ཏེ་བཤད་ཡོད་པ་འདིའི་སྟེང་ནས་མེ་ལོང་གིས་རྒྱན་གྱི་རྣམ་པ་གང་ཞིག་གཙོ་གནད་དུ་བཟུང་ཡོད་པ་གསལ།

 

འདི་ལྟར་ཡོན་ཏན་བཅུའི་རྗེས་སུ་རྒྱན་གྱི་མཚན་ཉིད་དང་རྩོམ་པར་དམ་བཅའ་བྱས་ཡོད་པ་དང་སྒྲ་རྒྱན་སོགས་ཀྱི་སྔོན་ནས་རྒྱན་བཤད་པའི་མཇུག་བསྡུ་བྱས་ཟིན་པས་ན། ཚིག་གི་རྒྱན་ནི་མེ་ལོང་གིས་ལུས་རྒྱན་སྐྱོན་སེལ་བཤད་པའི་སྐབས་ཀྱི་ཞར་བྱུང་གི་བརྗོད་བྱ་ཙམ་ཡིན་པ་ངེས་སླ་བས་ཞར་བྱུང་གི་བརྗོད་བྱའི་ངོས་ནས་བསྟན་བཅོས་སྤྱིའི་མཚན་བྱང་གསོལ་བ་ནི་མཁས་པས་ཐུགས་མཉམ་པར་མ་བཞག་པའི་བཤད་པ་སྟེ། མཚན་དོན་ལ་ཧེ་བག་གི་ནོངས་པ་ཆེན་པོ་ཤོར་ཡོད་ལུགས་མདོ་ཙམ་བརྗོད་པ་དེ་ལྟར་རོ། །

 

མཇུག་གཏམ།

 

དཔྱད་རྩོམ་འདིས་མེ་ལོང་གི་ཆ་ཤས་ཡང་ཤས་སྟེ། དེའི་མཚན་བྱང་གི་སྐོར་དང་དེ་ཡང་མེ་ལོང་གི་བསྟན་པ་དར་ཤུགས་ཆེ་བའི་སྐབས་ཏེ། དུས་རབས་བཅུ་གསུམ་ནས་བཅུ་དགུའི་(1200-1800) དབར་གྱི་ལོ་ངོ་དྲུག་བརྒྱ་ཙམ་ལ་བྱུང་བའི་འདི་ཡི་རྩ་དཔེ་དང་རྩ་འགྲེལ་ཁག་ཏུ་འདི་ལ་མཚན་བྱང་ཅི་གསོལ་གྱི་སྐོར་གཙོ་བོར་འཛིན་ཁུལ་བྱས་ཀྱང་། སྐབས་འདིར་བྱུང་བའི་ཞྭ་ལུ་ལོ་ཆེན་དང་། འཇམ་དབྱངས་ཁ་ཆེ། ཟུར་མཁར་བཅས་ཀྱི་སྙན་འགྲེལ་ལག་སོན་མ་བྱུང་བས་འདི་ཡང་ཆ་ཚང་ཞིག་མ་བྱུང་བས་རྩོམ་གྱི་མཇུག་རྫོགས་པའི་སྐབས་འདིར་དེའི་ཆ་ཤས་ཡང་ཤས་དེ་ཡང་བཤད་བཏུབ་མེད་ཚོད་ཀྱི་སེམས་ངལ་ལྕི། སྤྱིར་ན་མེ་ལོང་གི་མཚན་བྱང་གསོལ་སྟངས་སྐོར་ནི་དེའི་རྩ་བ་ཁག་དང་། འགྲེལ་བ་ཁག (རྒྱ་འགྲེལ་དང་བོད་འགྲེལ) དཀར་ཆག་ཁག འབྲེལ་ཡོད་དཔྱད་རྩོམ་ཁག་ཡོངས་ལ་བལྟས་ཏེ་དཔྱད་ན་ཆ་ཚང་བའི་སྤྱི་སྡོམ་ཞིག་ལོན་རེ་ཆེ་བས། འདི་ནི་དཔྱོད་ལྡན་རྣམས་ཀྱི་སྐུ་སྐལ་དུ་འབུལ་བར་བྱའོ། །

 

ལུང་ཁུངས་ཡིག་རིགས་ཁག

 

① སློབ་དཔོན་དབྱུག་པ་ཅན། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། <<སྙན་དངགས་ཀྱི་མེ་ལོང་།>> [Snan dnags kyi me lon (Kavydarsa) ] པེ་ཅིན་བསྟན་འགྱུར། པོད། ཤེ [BSTAN-HGYURSgra igp-pa Se] ཨོ་ཁྲ་ནིས་སློབ་གྲ་ཆེན་མོ། [Otani University] ཉི་ཧོང་། 1957  ཤ 183

②⑥⑫ སློབ་དཔོན་དབྱུག་པ་ཅན། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། <<སྙན་ངག་མེ་ལོང་།>> བསྟན་འགྱུར་དཔེ་བསྡུར་(མ)། པོད། སེ་པ། 2005 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  ཤ 1029/ 1034/ 1071

③ ཏཱའི་སི་ཏུ་པ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་བསྟན་པའི་ཉིན་བྱེད། <<སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་ལོང་མ་ཞེས་བྱ་བ་སྐད་གཉིས་ཤན་སྦྱར།>> བཀའ་འབུམ། ཆ་པ། (དཔེ་རིང་) 1990 དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་། ཤ 9

④ དབྱུག་པ་ཅན། <<སྙན་ངག་མེ་ལོང་གི་གཞུང་ཤོང་འགྱུར། དཔང་ལོའི་མཆན་དུ་བཀོད་པ།>> བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས། Tex scan input form page, W1kg10730

⑤⑦ ས་པཎ་ཀུན་དགའ་རྒྱལ་མཚན། <<མཁས་འཇུག>>  གསུང་འབུམ་གླེགས་བམ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992 ཤ 371/ 399

⑧⑬ འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ།<<སྙན་དངགས་མེ་ལོང་གི་འགྲེལ་བ་དབྱངས་ཅན་དགྱེས་པའི་རོལ་མཚོ།>> འཇུ་མི་ཕམ་བཀའ་འབུམ།ཁ་པ། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤ 412/ 645

⑨ དབྱུག་པ་ཅན། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། <<སྙན་ངག་མེ་ལོང་།>> བསྟན་འགྱུར་དཔེ་བསྡུར་(མ)། པོད། སེ་པ། 2005 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤ 1039

⑩ དཔལ་སྒང་ལོ་ཙཱ་བ།(1456-1539) <<ཚིག་རྒྱན་སྙན་ངག་གི་བསྟན་བཅོས་མེ་ལོང་གི་རྒྱན་གྱི་དཔེར་བརྗོད་རབ་གསལ་ཀླགས་པས་ཀུན་ཤེས>> དཔེ་རིང་ལག་བྲིས་མ། ཤ 7

⑪ སྡེ་སྲིད་སངས་རྒྱས་རྒྱ་མཚོ། <<སྙན་འགྲེལ་དབྱངས་ཅན་དགྱེས་གླུའི་མཆན་འགྲེལ།>> མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1996 ཤ 126

དཔྱད་གཞིའི་དཔེ་ཚོགས།

 

༡) སློབ་དཔོན་དབྱུག་པ་ཅན། (དུས་རབས་བདུན་པ།) ཤོང་སྟོན་རྡོ་རྗེ་རྒྱལ་མཚན། (དུས་རབས་བཅུ་གསུམ་པའི་སྨད།) <<སྙན་ངག་མེ་ལོང་།>> བསྟན་འགྱུར་དཔེ་བསྡུར་(མ)། པོད། སེ་པ། 2005 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

༢) ས་པཎ་ཀུན་དགའ་རྒྱལ་མཚན།(1182-1251) <<མཁས་པ་ལ་འཇུག་པའི་སྒོ་ཞེས་བྱ་པའི་བསྟན་བཅོས།>>  གསུང་འབུམ་གླེགས་བམ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

༣) དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། (1276-1342) <<སྙན་ངགས་མེ་ལོང་གི་རྒྱ་ཆེར་འགྲེལ་བ་གཞུང་དོན་གསལ་བ།>> (བྲིས་མ།)

༤) བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། (མཚན་གཞན་འཇིགས་མེད་གྲགས་པ་དང་ཆོས་ཀྱི་རྒྱལ་མཚན།) (1375-1451) <<སྙན་ངགས་མེ་ལོང་གི་འགྲེལ་བ་དེ་ཉིད་གསལ་བ།>> གསུང་འབུམ། ཙ་པ། རྡི་ལི་བོད་ཁང་། 1970

༥) སྣར་ཐང་སངྒ་ཤྲི།(དུས་རབས་བཅུ་བཞིའི་སྨད) <<སྙན་ངག་མེ་ལོང་གི་བཤད་པ་བཀླགས་པས་དོན་ཐམས་ཅད་འགྲུབ་པ།>> (A detailed commentary on the Kayadarsa of Dandin) ལག་བྲིས་གཤར་མ། རྡི་ལི། (Jayyed Press, Ballimaran, Delhi-6)  19763)

༦) པཎ་ཆེན་ཤཱཀྱ་མཆོག་ལྡན་(1428-1507) གྱི་<<སྙན་ངག་གི་བསྟན་བཅོས་མེ་ལོང་ལ་འཇུག་པའི་སྒོ།>> ས་སྐྱ་པའི་གསུང་རབ། པོད་ལྔ་པ།༽ སྙན་ངག མི་རིགས་དཔེ་སྐྲུན་ཁང་།

༧) དཔལ་སྒང་ལོ་ཙཱ་བ་ངག་དབང་ཆོས་རྒྱལ།(མཚན་གཞན་ཀརྨ་འཕྲིན་ལས་གཉིས་པ) (1456-1539)<<ཚིག་རྒྱན་སྙན་ངག་གི་བསྟན་བཅོས་མེ་ལོང་གི་རྒྱན་གྱི་དཔེར་བརྗོད་རབ་གསལ་ཀླགས་པས་ཀུན་ཤེས།>> དཔེ་རིང་ལག་བྲིས་མ།

༨) རིན་སྤུངས་བ་ངག་དབང་འཇིགས་གྲགས།(1482-??) <<སྙན་ངག་མེ་ལོང་གི་རྒྱ་ཆེར་འགྲེལ་བ་མི་འཇིགས་སང་གེའི་རྒྱུད་ཀྱི་ང་རོའི་དབྱངས།>> དཔལ་ལྡན་ས་སྐྱ་བའི་གསུང་རབ། པོད་ལྔ་པ། སྙན་ངག། མི་རིགས་དཔེ་སྐྲུན་ཁང་།

༩) སྡེ་སྲིད་སངས་རྒྱས་རྒྱ་མཚོ། (1653-1705)<<སྙན་འགྲེལ་དབྱངས་ཅན་དགྱེས་གླུའི་མཆན་འགྲེལ།>> མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1996

༡༠) འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། <<རྒྱན་གྱི་བསྟན་བཅོས་མེ་ལོང་མ་པཎ་ཆེན་བླ་མའི་གསུང་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ་ལེགས་བཤད་ནོར་བུའི་འབྱུང་ཁུངས།>> Khampagar Library and publication  2002

༡༡) འཇུ་མི་ཕམ།(1846-1912) <<སྙན་དངགས་མེ་ལོང་གི་འགྲེལ་བ་དབྱངས་ཅན་དགྱེས་པའི་རོལ་མཚོ།>> འཇུ་མི་ཕམ་བཀའ་འབུམ། ཁ་པ། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

༡༢) བསེ་ཚང་བློ་བཟང་དཔལ་ལྡན། <<ཚངས་སྲས་བཞད་པའི་སྒྲ་དབྱངས།>> བོད་གཞུང་ཤེས་རིག་དཔར་ཁང་། 2004

༡༣) རཀ་ར་བཀྲས་མཐོང་ཆོས་དར།(1925-1012) <<ཤོང་དཔང་ཞལ་ལུང་མེ་ལོང་རྣམ་བཤད།>> བོད་ཀྱི་དཔེ་མཛོད་ཁང་། 2007

 

 

* [1] དཔལ་ལྡན་ཟླ་བ་གྲགས་པ། <<སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ>> ལས། “རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན།།གང་གི་དོན་དུ་འདི་ཉིད་མཛད །།སུ་ཞིག་བྱེད་པོ་འདིའི་ཚད་ཅི།།འདི་ཡི་དགོས་པའང་ཅི་ཞིག་ཡིན།།” བསྟན་འགྱུར་དཔེ་བསྡུར་(མ)། པོད། སེ་པ།༽ 2005 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། P.830

*[2] དབྱུག་པ་ཅན། ཤེས་རབ་རྒྱལ་མཚན་དང་ཨ་ཅཱརྱ་ཤེས་གྲུབ་བསྟན་འཛིན། སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་ལོང་མ་ཞེས་བྱ་བ་སྐད་གཉིས་ཤན་སྦྱར། [Kavyadarsa (Snan Dnage Me Long)] (A bilinggual edition of the monumental treaty on the principles of Sanskrit poetrical composion)  ལྡི་ལི། 1985

*[3] ་འདི་བོ་དོང་པཎ་ཆེན་གྱི་གསུང་འབུམ་ཙ་པར་བཞུགས་པའི་མེ་ལོང་གི་རྩ་བའི་མཚན་བྱང་ཡིན་མོད། རྩ་བ་འདིར་ཡོན་ཏན་བཅུའི་རྩ་ཚིག་མེད་ལ། དཔལ་སྒང་ལོ་ཙཱ་བའི་སྙན་འགྲེལ་ཇི་བཞིན་ཁོང་གི་སྙན་འགྲེལ་<<སྙན་ངགས་མེ་ལོང་གི་དེ་ཉིད་གསལ་བ>>ཞེས་པར་ཡང་ཡོན་ཏན་བཅུའི་རྩ་ཚིག་དང་དེ་ལ་འགྲེལ་བ་གནང་མེད།

 *[4] སྣར་ཐང་དང་ཅོ་ནེའི་བསྟན་འགྱུར་གྱི་མེ་ལོང་གི་དཔེ་དངོས་མ་ལག་སོན་མ་བྱུང་ཡང་། བསྟན་འགྱུར་དཔེ་བསྡུར་མར་དཔེ་འདི་གཉིས་སུ་ཇི་བཞིན་གསལ་བ་དེ་ལྟར་དུ་བསྡུར་འདུག་པས་དེར་གཞི་བཅོལ་བ་ཡིན།

*[5] དཔང་ཊིཀ་ཏུ་“ཚིག་རྒྱན་ཤེས་ན་སྙན་ངགས་ལ་མི་རྨོངས་”ཞེས་བྱུང་ལ། སྣར་ཐང་སངྒ་ཤྲིའི་སྙན་འགྲེལ་དུ“ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས་”ཞེས་གསལ། འབྲུག་ཁམས་སྤྲུལ་དང་འཇུ་མི་ཕམ་གྱི་སྙན་འགྲེལ་དུ་འདི་ “འཕགས་ཡུལ་མཁས་པའི་ངག་རྒྱུན” ཡིན་ཚུལ་གསུངས་འདུག་པས། དེའི་ཁུངས་གང་ཡིན་སྐོར་ལ་འབྲེལ་ཡོད་ལེགས་སྦྱར་མཁྱེན་མཁན་ལ་སྐད་འདྲིས་རྩད་གཅོད་བྱས་ཀྱང་ཅི་ཡང་མ་རྙེད་པས། དཔྱོད་ལྡན་སྐད་གཉིས་སྨྲ་བ་རྣམས་ཀྱི་སྐུ་སྐལ་དུ་མི་འཇོག་ཐུ་མེད་བྱུང་། སྤྱིར་སྙན་ངག་མེ་ལོང་རང་དུ་ཚིག་རྒྱན་ཞེས་པའི་བརྡ་ཆད་མི་གསལ་བའི་སྒང་ལ་<<འདུལ་བ་ལུང་>>དང་། <<མཛོད་རང་འགྲེལ།>> <<ལུང་ཕྲན་ཚེགས་ཀྱི་འགྲེལ་བ།>> <<བྱེ་བྲག་རྟོགས་བྱེད་>>བཅས་སུ་རིག་པའི་གནས་བཅོ་བརྒྱད་དང་། དྲུག་ཅུ་རྩ་བཞི་བཅས་ཀྱི་གྲངས་དང་དབྱེ་བ་འདྲེན་ཚུལ་མང་དུ་བྱུང་བའི་སྐབས་སོགས་སུ་ཡང་ཚིག་རྒྱན་རིག་པ་ཞེས་པ་མི་གསལ་པས་ཚིག་རྒྱན་ཞེས་པ་འདི་བོད་ཀྱི་མཁས་པས་གསར་བཟོའི་བརྡ་ཆད་ཅིག་ཡིན་པ་འདྲ་བས། བརྡ་ཆད་འདི་རྒྱ་གར་གྱི་སྙན་གཞུང་ཁྲོད་ནས་ཇི་ལྟར་གོ་བ་ལེན་དགོས་མིན་རྒྱ་གཞུང་ཚད་ལྡན་ལ་ཁུངས་གཏུགས་ནས་དཔྱད་ཞིབ་ནན་ཏུར་བྱ་དགོས་པར་སྙམ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *