༄༅། །དོ་ནུབ་ཀྱི་ཉི་མ་བཞིན་ནུབ་སོང་བའི་ཁྱོད།

རྩོམ་ཡིག་འདི་ཐེངས་ 1015 བཀླགས་འདུག

སྟག་ཚང་རིག་རྒོད།

ཁ་སང་དགོང་མོར་སོག་པོའི་ལྟད་མོ་ཞིག་ལྟ་བཞིན་མཚན་དཀྱིལ་གྱི་ཆུ་ཚོད་གསུམ་པ་ཟིན་སོང་བས། དེ་རིང་ཞོགས་ཇ་ཡང་འཐུང་རྒྱུ་མ་བྱུང་བར་འཛིན་ཁང་ལ་ཆས་པ་ཡིན། ལྟད་མོ་དེའི་བག་ཆགས་ཡིན་ནམ། ཡང་ན་ཅི་ཞིག་མ་འགྲིག་པ་ཡིན་ངས་ཀྱང་མི་ཤེས་མོད། ཡིད་ཀྱི་ཟབ་ས་ནས་ཁྱོད་དྲན་ཡོང་། དོ་ནུབ་ཀྱི་ཉི་མ་བཞིན་ནུབ་སོང་བའི་ཁྱོད་དྲན་གྱིན་ཡོད། ལོ་ངོ་གསུམ་གྱི་ཡར་སྔོན་དུ་ཁྱོད་ནི་བདག་གི་ཉེ་ས་ན་མེ་ཏོག་བཞིན་བཞད་ཡོད་ཅིང་། ཆུ་དང་ཉ་མོ་བཞིན་འགྲོགས་ཡོད་པས། གྱེས་བྲལ་གྱི་ལོ་ཟླ་རིང་མོའི་ཁྲོད། ངས་ཁྱོད་དྲན་པའི་ན་ཟུག་བཟོད་ཐབས་མི་འདུག

ཟླ་ངོ་འགའ་ཞིག་གི་སྔོན་དུ་ཁྱོད་ཀྱི་གསུང་སྐད་ཐེངས་གཅིག་ཐོས་པ་ནས། ངའི་སེམས་ཀྱི་རྨ་ཁ་ཟབ་ཏུ་སོང་ཞིང་། ན་ཟུག་དྲག་ཏུ་ཕྱིན། ལྷ་སའི་གཞོན་ནུ་མ་ལགས། ཁྱོད་ཀྱིས་ང་གཏན་དུ་བསྐྱུར་ཟིན་པ་ཡིན་ནམ། ཁ་ཆས་བྱས་པའི་དུས་ཚོད་དེར་ངས་ཁ་པར་ལག་ཏུ་བཟུང་ནས་ཁྱོད་ཀྱི་ཁ་བརྡ་ལ་བསྒུགས་པ་ཡིན། སྟོང་ལྷང་ལྷང་གི་ཉིན་མ་དེ་ནས། ངའི་ཚོར་བའི་འཇིག་རྟེན་ན་སྔར་ལས་ལྷག་པའི་སུན་སྣང་ཞིག་དང་། ཁེར་རྐྱང་གི་ཚོར་འདུ་ཞིག་རླབས་བཞིན་འཕྱོ་ཡིན་གདའ།

ངས་ཁྱོད་ཀྱི་བརྩེ་དུང་ལ་དོགས་པ་སྐྱེས་མ་མྱོང་ཞིང་། ཁྱོད་ཀྱིས་ཀྱང་ངའི་སེམས་ཀྱི་དཀར་ནག་ཚོར་ཡོད་ཚོད་ཡིན། འོན་ཀྱང་། སྐབས་སྐབས་ལ་དབྱར་གྱི་འཇའ་འོད་བཞིན་ངའི་འཇིག་རྟེན་ལ་མངོན་ཡོང་བ་ལས། ནམ་རྒྱུན་ཁྱོད་ཉིད་གང་དུ་རྒྱུ་བཞིན་ཡོད་དམ། རྨི་ལམ་ལྟ་བུའི་ཁྱོད་ཀྱི་ཁ་བརྡ་དེ་དག ངས་གཟུངས་སྔགས་ཞིག་དང་འདྲ་བར་ཟློ་བཞིན་ཡོད་ལ། རིན་བྲལ་གྱི་བཀའ་སློབ་ཞིག་དང་འདྲ་བར་དུས་གཏན་དུ་ཉན་གྱིན་ཡོད།

ཁྱོད་ལ་ཡང་ངའི་བསམ་ཚོད་ལས་འདས་པའི་དཀའ་ཁག་ཡོད་སྲིད་ཅིང་། ཁྱོད་ལ་ཡང་ངའི་ན་ཟུག་ལས་ལྷག་པའི་ཟུག་གཟིར་ཞིག་ཡོད་སྲིད་མོད། ཁྱོད་འདི་ལྟར་རྨི་ལམ་ཞིག་དང་འདྲ་བར་སྐབས་རེ་ཡོད་ལ་སྐབས་རེ་མེད་པའི་སྣང་ཚུལ་འདིས། ང་ལ་འ་ཆད་འུ་ཐུག་གི་ཚོར་འདུ་ཞིག་བྱིན་གྱིན་འདུག སྙིང་ཉེ་ལགས། ངའི་སྙིང་གི་ཕྱེད་ཀ་ལགས། ངས་ཁྱོད་ལྷ་སའི་སྐྱིད་ཆུའི་གམ་ན་གླུ་དབྱངས་ལེན་བཞིན་པ་ཚོར་ལ། ཇོ་བོའི་སྐུ་མདུན་ནས་ང་ལ་སྨོན་ལམ་འདེབས་བཞིན་པ་ཡང་ཚོར་བྱུང་། འོན་ཀྱང་། ཁྱོད་ཀྱིས་ངའི་ངོ་གདོང་མཐོང་འདོད་མེད་པ་ཡིན་ནམ། ཡང་ན་སེམས་ཀྱི་ཟབ་ས་ན་ཡོད་པའི་ཚོར་འདུ་ཞིག་གིས་ང་མཐོང་དུ་མ་བཅུག་པ་ཡིན། ཡང་ན་ངས་ཁྱོད་ལ་བཟོད་དཀའ་བའི་ན་ཟུག་ཅི་ཞིག་བྱིན་བྱུང་ངམ།

ངས་ནམ་རྒྱུན་ཁ་པར་ལག་ཏུ་བཟུང་ནས་དུས་ཚོད་ནམ་ཡོད་ལ་སྐད་འཕྲིན་གྱི་ངོ་གདོང་བཤེར་གྱིན་ཡོད། གཞན་ཅི་ཡང་མིན་ཏེ། ཁྱོད་ཁོ་ནའི་ངག་འཕྲིན་ཞིག་ལ་སྒུག་གིན་ཡོད། ང་མི་ཐབས་ཆག་ཅིག་ཨེ་རེད། བསམ་རྒྱུ་དྲན་རྒྱུ་ཁྱོད་ལས་མེད་པའི་ལོ་ཟླ་འདི་དག་གི་རིང་ལ། ངའི་སེམས་ངོར་སུ་ཞིག་གིས་ཀྱང་ང་ལ་སྙིང་རྗེ་མི་བྱེད་པའི་ཚོར་སྣང་ཞིག་ཡོང་གི་འདུག སྐབས་འགར་ང་རང་ལ་ཡང་ཁོང་ཁྲོ་གཏིང་ནས་ཟ་ཡོང་གི་འདུག

འོན་ཀྱང་། ནམ་ནམ་ཞར་ཞར་ལ་ངས་ཁྱོད་ཉིད་བདེ་བའི་སྨོན་ལམ་འདེབས་ཀྱིན་ཡོད་ལ། ཁྱོད་ཀྱི་ངག་འཕྲིན་ཞིག་དང་བརྙན་པར་ཞིག་མཇལ་བའི་སྨོན་ལམ་འདེབས་ཀྱིན་ཡོད། ང་ལ་རེ་བ་འདི་ལས་གཞན་ཅི་ཡང་མེད། འདི་ནི་ངས་དུས་གསུམ་དབྱེར་མེད་དུ་དྲན་བཞིན་པའི་སེམས་ངོས་ཀྱི་སྨོན་པ་གཅིག་པུ་དེ་ཡིན། སྙིང་ཉེ་ལགས། ངའི་སྙིང་གི་ཕྱེད་ཀ་ལགས། ཁྱོད་བདེ་ཐང་ཡིན་ནམ། ཁྱོད་ཀྱིས་ང་དྲན་གྱི་ཡོད་དམ།

སྤྱི་ལོ་༡༠༡༧ཟླ་བ་༣ཚེས་༡༧ཉིན་ས་མཐའ་ནས་ཕུལ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *