༄༅། །བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་དང་འབྲེལ་བའི་ཉམས་མྱོང་དམར་བྲིས།

རྩོམ་ཡིག་འདི་ཐེངས་ 1081 བཀླགས་འདུག

 

ས་རཱ་མཐོ་སློབ།  སྟག་ཚང་རིག་རྒོད།

བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་བགྲོ་གླེང་དང་ཟབ་སྦྱོང་སོགས་ཧ་ཅང་མང་། དཔེར་ན་ཆབ་སྲིད་ཟབ་སྦྱོང་དང་། ལས་བྱེད་འོས་སྦྱོང་། མདུན་ལམ་སློབ་སྟོན། ཁྲིམས་ལུགས་ཟབ་སྦྱོང་སོགས་ཡོད་ལ། ཤེས་ཡོན་དང་འབྲེལ་བའི་ཐོག་ནས་དགེ་རྒན་ཟབ་སྦྱོང་དང་འོས་སྦྱོང་སོགས་(སྦྱོང་)ཟེར་བ་དང་(ཚོགས་)ཟེར་བའི་ཐ་སྙད་དེ་ཉིད་ང་ཚོའི་སྤྱི་ཚོགས་ནང་ཤིན་ཏུ་མང་། ང་ཡང་བཙན་བྱོལ་དུ་འབྱོར་ནས་ད་བར་མི་ལོ་བཅུ་ལྷག་ཙམ་སོང་ཞིང་། བགྲོ་གླེང་ཆེན་པོ་དང་ཆུང་ཆུང་། ཟབ་སྦྱོང་ཆེན་པོ་དང་ཆུང་ཆུང་མང་པོར་བཅར་རྒྱུའི་གོ་སྐབས་བྱུང་ལ་སྣེ་འཁྲིད་ཀྱི་ལས་ཀ་ཡང་མི་ཉུང་ཙམ་བྱས་མྱོང་། ཟབ་སྦྱོང་དང་འོས་སྦྱོང་དེ་དག་གི་ཁྲོད་དུ་མིང་ཙམ་ལས་དོན་དུ་གང་ཡང་ཐོབ་རྒྱུ་མེད་པ་ཡོད་ལ། སྤྱི་ཚོགས་ནང་ལ་འགྱུར་བ་ཡོང་རྒྱུ་ཕར་བཞག ཐ་ན་བགྲོ་གླེང་བ་རང་ཉིད་ཀྱང་འགྱུར་བ་མ་ཕྱིན་པའི་ཟབ་སྦྱོང་དེ་འདྲ་མང་པོ་ཡོད་ལ། དོན་སྙིང་ཨོའུ་ཙམ་ཡོད་པ་དེ་འདྲ་ཡང་མང་པོ་ཡོད།

ང་ལ་མཚོན་ན་(བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་)འདིར་ཐེངས་གང་མང་ལ་བཅར་མྱོང་ཞིང་། ཚོགས་ཆེན་འདིའི་ནང་བགྲོ་གླེང་གི་ཆ་ཤས་བླངས་པར་མ་ཟད། འགན་ཁུར་གྱི་ལས་དོན་ཡང་ཨོའུ་ཙམ་སྒྲུབ་མྱོང་། ད་ལྟའི་ཆར་ཡང་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ལས་དོན་ལ་ཞབས་འདེགས་ཞུ་མུས་ཡིན། སྤྱིར་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདིར་འབོད་སྒྲ་ཆེན་པོ་གཉིས་ཡོད་པ་ནི། རང་ངོ་རང་ཤེས་དང་། རང་འགན་རང་འཁུར་ཞེས་པ་དེ་རེད། ཚོགས་ཆེན་འདིའི་ནང་ལོ་ལྟར་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་མ་གྲངས་བརྒྱ་དང་བརྒྱ་ལས་མང་བ་བཅར་ནས་བགྲོ་གླེང་གནང་གི་ཡོད་རེད། ཚོགས་ཆེན་འདིའི་ནང་དུ་བཙན་བྱོལ་སྤྱི་ཚོགས་ནང་ངེས་པར་དུ་གླེང་དགོས་ངེས་དང་། ཁྱད་པར་སློབ་མ་ཞིག་གིས་གླེང་དགོས་པའི་གནད་དོན་ཁག་མང་པོར་བགྲོ་གླེང་བྱེད་ཀྱི་ཡོད་རེད། ད་ལྟའི་བར་དུ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ཉིད་ཐེངས་བཅུ་གཅིག་ཙམ་འཚོགས་ཟིན་པ་དང་། དེ་དག་གི་ནང་བགྲོ་གླེང་བྱ་གཞི་གཙོ་བོ་ཤེས་ཡོན་དང་འབྲེལ་བ་རེད། སྐབས་འགར་ཆབ་སྲིད་དང་འབྲེལ་བའི་གླེང་གཞི་ཡང་བརྗོད་གཞི་ལ་བཞག་པ་བྱུང་ཡོད།

ངས་ཚོགས་ཆེན་འདིའི་ནང་བཅར་བའི་ཉམས་མྱོང་ཁྲོད་གནད་དོན་གཅིག་ཤེས་རྒྱུ་ཡོད་པ་ནི། སློབ་མ་ཕལ་ཆེ་བ་བཙན་བྱོལ་སྤྱི་ཚོགས་ཀྱི་གཞི་རིམ་སློབ་གྲྭ་ཁག་ནས་ཡོང་བ་ཡིན་པས། གཞི་རིམ་སློབ་གྲྭ་ཁག་གི་འཛིན་སྐྱོང་དང་། ཤེས་ཡོན་སྲིད་ཇུས། དགེ་རྒན་གྱི་གནས་བབ། སློབ་མའི་སེམས་ཁམས། མཐུན་རྐྱེན་གྱི་གནས་བབ་སོགས་མང་པོ་གླེང་གི་ཡོད། འདི་ནི་སློབ་མ་ཞིག་གི་ངོས་ནས་རང་གི་ཉམས་མྱོང་དེ་ཉིད་ཚོགས་ཆེན་འདིའི་ཐོག་ནས་གླེང་སློང་བྱས་ནས་སློབ་གྲྭ་ཁག་དང་འཛིན་སྐྱོང་ཁག་གི་ནང་འགྱུར་བ་གཏོགས་ཙམ་བྱུང་ན་སྙམ་གྱི་ཡོད་རེད། སློབ་མ་ཞིག་གི་ངོས་ནས་རང་འགན་རང་འཁུར་གྱི་བསམ་པ་མ་བརླགས་པའི་ཐོག་ནས་ལས་དོན་འདི་འདྲ་ཞིག་གཉེར་གྱི་ཡོད་རེད།

ཚོགས་ཆེན་འདི་ནི་སྐབས་སོ་སོའི་ཚོགས་ཆེན་གོ་སྒྲིག་བྱེད་མཁན་གྱི་སློབ་མ་རྣམས་ཀྱིས་ཐབས་ལམ་འདྲ་མིན་ལ་བརྟེན་ནས་དཔལ་འབྱོར་མཁོ་སྒྲུབ་བྱས་པ་དང་། སློབ་མ་མང་པོའི་ཁྲོད་བགྲོ་གླེང་འདི་ད་ལྟའི་བར་དུ་གལ་ཆེན་ཞིག་ཡིན་པའི་འདུ་ཤེས་མ་བརླགས་པའི་ཐོག་ནས་ཚོགས་འདུར་བཅར་བ་དང་། བགྲོ་གླེང་བྱེད་ཀྱི་ཡོད་རེད། ད་དུང་ཚོགས་ཆེན་རང་གི་ངོ་བོ་དང་། ཚོགས་ཆེན་གྱི་ཚོགས་སྡེ་སོ་སོའི་འོས་འགན་སོགས་དངོས་ཡོད་དགོས་མཁོ་དང་འཚམས་པའི་ཐོག་ནས་འགྱུར་བ་བཏང་བ་དང་། རྒྱུན་སྐྱོང་བྱེད་ཀྱི་ཡོད་རེད། ཚོགས་བཅར་བ་རྣམས་ཀྱིས་ཉིན་ལྔ་ནས་བདུན་བར་བགྲོ་གླེང་བྱས་ནས་བཙན་བྱོལ་ནང་ངེས་པར་དུ་བརྩམས་དགོས་པའི་བྱ་བ་དང་། ངེས་པར་དུ་འགྱུར་བ་གཏོང་དགོས་པ། བཙན་བྱོལ་སྤྱི་ཚོགས་ནང་ངེས་པར་མཁོ་བ་སོགས་ཀྱི་ཐོག་ལ་གྲོས་ཆོད་བཞག་ནས་ལྷན་ཁང་ཁག་དང་སློབ་གྲྭ་ཁག་ལ་གྲོས་ཆོད་རྣམས་སྙན་སྒྲོན་ཞུས་པར་མ་ཟད། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་གྲུབ་ཆ་(ཞིབ་འཇུག་ཚོགས་ཆུང་)ཟེར་བས་གྲོས་ཆོད་ཁག་ལ་ལེན་འདེབས་བླངས་ནས་སྐབས་རྗེས་མའི་ཚོགས་ཆེན་ཐོག་གྲོས་ཆོད་ཀྱི་ལན་འདེབས་རྣམས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་རེད། འདི་ནི་སློབ་མ་ཞིག་གིས་རང་གི་ཉམས་མྱོང་རྣམས་གྲོས་ཆོད་ལ་བཞག་ནས་བོད་མིའི་སྒྲིག་འཛུགས་གི་ཁྱབ་ཁོངས་ལྷན་ཁང་ཁག་དང་སློབ་གྲྭ་ཁག་གིས་ལག་བསྟར་གནང་རྒྱུར་རེ་འདུན་ཆེན་པོ་གནང་གི་ཡོད་རེད། ཁོང་ཚོའི་སྐད་ཆ་ཕལ་ཆེ་བ་ང་ཚོས་ངེས་པར་དུ་ལག་བསྟར་གནང་དགོས་པའི་རིགས་འབའ་ཞིག་རེད།

ཚོགས་ཆེན་འདི་ནི་ཚོགས་པ་དང་ཆོལ་ཁ་སོགས་ཚོགས་སྡེ་གང་གི་ཡང་གཞན་དབང་དུ་གྱུར་བ་མ་ཡིན་པས། རང་དབང་ལྡན་པའི་སློབ་མའི་ཚོགས་སྡེ་ཆེན་པོ་ཞིག་ལ་གྲུབ་ཐུབ་པ་བྱུང་ཡོད། དེར་བརྟེན་ཁོང་ཚོའི་ལས་དོན་ད་ལྟའི་བར་གོང་འཕེལ་འགྲོ་བཞིན་པ་དང་། རྒྱ་གར་རྒྱལ་ཡོངས་ཀྱི་སློབ་ཆེན་པ་ཚོར་མཉམ་རུབ་ཀྱི་བསམ་པ་ཞིག་བསྐྲུན་ཐུབ་པ་བྱུང་ཡོད། མི་རིགས་ཟེར་བའི་ཡིག་འབྲུ་འདིའི་ནང་དོན་ལ་གོ་བ་ཆེན་པོ་ཞིག་ལེན་ཐུབ་ཡོད་རེད། ཁོང་ཚོའི་སྤྱི་ཚོགས་འདྲ་མིན་ལས་བྱུང་བའི་བསམ་ཚུལ་འདྲ་མིན་རྣམས་མཉམ་དུ་བསྡུས་ནས་ད་ལྟ་ང་ཚོས་བགྲོད་ཀྱིན་པའི་ལམ་བུ་དེར་ལེགས་བཅོས་གནང་གི་ཡོད་རེད། དེས་རྐྱེན་པས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ནི་སྒེར་བདག་གི་ཚོགས་སྡེ་ཞིག་མ་ཡིན་པར་སློབ་མ་ཡོངས་ཀྱི་སེམས་ལ་གནས་པའི་ཚོགས་སྡེ་ཞིག་དང་། སྟོབས་ཤུགས་ཤིག་རེད། སྐབས་སོ་སོའི་ལས་དོན་འགན་འཁུར་གནང་མཁན་ཚོས་ཀྱང་མི་རིགས་ཀྱི་རྩ་དོན་གཙོ་བོར་བཟུང་ནས་མདུན་སྐྱོད་དང་ཕྱག་ལས་གནང་གི་ཡོད་རེད།

ད་ལྟའི་བར་རྒྱ་གར་རྒྱལ་ཡོངས་ནང་ཕུལ་དུ་བྱུང་བའི་སློབ་མ་རྣམས་ཀྱིས་འགན་ཁུར་ནས་ཚོགས་ཆེན་འདི་ཉིད་རྒྱུན་གནས་ཐུབ་པ་བྱུང་བར་མ་ཟད། ཚོགས་ཆེན་འདིའི་ངོ་བོ་གཞན་ལ་མ་འགྱུར་བ་དང་། ཚོགས་ཆེན་འདི་ཉིད་གཞན་གྱི་ལག་ཆར་མ་གྱུར་བར་གནས་ཐུབ་པ་བྱུང་ཡོད་རེད། འདི་ནི་སྐྱབས་བཅོལ་དུ་གནས་པའི་མི་རིགས་ཤིག་གིས་གཞན་ཡུལ་ས་མཐའ་ནས་མཉམ་རུབ་ཀྱི་བསམ་པ་མ་བརླགས་པར་མདུན་སྐྱོད་བྱེད་ཀྱིན་པའི་གོམ་སྟབས་ཤིག་རེད།

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདིར་ཤེས་ཡོན་པ་དང་། མི་དམངས། ཚོང་ལས་པ་སོགས་ཀྱིས་སྔ་ཕྱི་བར་གསུམ་དུ་མཐུན་འགྱུར་རོགས་རམ་ཧ་ལས་པ་གནང་ཡོད་རེད། དེ་ལྟར་སློབ་མ་རྣམས་ཀྱིས་ལས་དོན་འདི་འདྲ་ཞིག་སྤེལ་བཞིན་པ་ནི་མི་རིགས་ཤིག་ད་དུང་མ་ཤི་བར་གསོན་པོར་གནས་ཐུབ་པའི་རྟགས་ཡིན་པར་མ་ཟད། ཁོང་ཚོའི་གླེང་གཞི་མང་པོའི་ཁྲོད་མི་རིགས་ཤིག་མདུན་དུ་ཇི་ལྟར་འགྲོ་དགོས་པའི་ལམ་བུ་གསལ་བོར་མངོན་ཐུབ་པ་བྱུང་ཡོད།

འོན་ཀྱང་ལོ་རེ་བཞིན་ཡིད་སྐྱོ་བའི་གནད་དོན་འགའ་ཞིག་ཡོང་གི་ཡོད་རེད། རྒྱུ་རྐྱེན་སྣ་མང་ལ་བརྟེན་ནས་ཚོགས་བཅར་བ་འགའ་ཞིག་གིས་རང་རང་ལ་ཐོབ་པའི་བརྗོད་གཞི་ཁག་གི་ཐོག་གྲ་སྒྲིག་ལེགས་པོ་མ་བྱུང་བར་ཚོགས་ཆེན་ཐོག་བརྗོད་གཞི་དང་འབྲེལ་མེད་ཀྱི་གླེང་སློང་མང་པོ་ཡོང་གི་ཡོད་པ་དེ་གཅིག་རེད། བགྲོ་གླེང་བ་ཚོས་རང་རང་གི་བརྗོད་གཞི་ལ་ཞིབ་འཇུག་ཡག་པོ་མ་བྱས་ན། ཚོགས་ཆེན་ཐོག་གནད་ལ་ཁེལ་བའི་བགྲོ་གླེང་ཡོང་མི་ཐུབ་པར་མ་ཟད། དགོས་ངེས་ཀྱི་གྲོས་ཆོད་ཀྱང་འཇོག་ཐུབ་ཀྱི་མ་རེད། དེས་རྐྱེན་པས་གྲོས་ཆོད་ཁག་ལ་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་གཙོས་སློབ་གྲྭ་དང་ཚོགས་སྡེ་ཁག་གིས་ལག་བསྟར་གནང་མི་ཐུབ་པར་མ་ཟད། མི་དམངས་ཀྱི་ཁྲོད་ནས་ཀྱང་ཚོགས་ཆེན་ལ་འཛིན་པའི་ལྟ་བར་འགྱུར་བ་འགྲོ་གི་རེད། དེ་ལ་བརྟེན་ནས་མ་འོངས་པར་ཚོགས་ཆེན་འདི་ཉིད་རྒྱུན་གནས་མི་ཐུབ་པར་མ་ཟད། ང་ཚོས་བཙན་བྱོལ་སྤྱི་ཚོགས་ནང་ཞབས་འདེགས་བསྒྲུབ་རྒྱུའི་རེ་བ་དེ་གཏན་དུ་ཡལ་སྲིད་པ་རེད། དེས་ན་སྐབས་རྗེས་མ་ནས་ཚོགས་བཅར་བ་སུ་ཞིག་ཡིན་རུང་རང་རང་གི་བརྗོད་གཞིའི་ཐོག་ཞིབ་འཇུག་མཐར་ཕྱིན་པ་གནང་དགོས་པ་ནི་ཧ་ཅང་གལ་ཆེན་རེད། གཉིས་པ་ནི་རང་གཞུང་ཤེས་རིག་ལ་ཁུངས་གིས་གཙོས་ལྷན་ཁང་ཁག་དང་། དེ་བཞིན་བོད་ཁྱིམ་སོགས་འབྲེལ་ཡོད་ཚོགས་སྡེ་ཚོས་སློབ་མ་མང་པོས་བསམ་ཚུལ་མང་པོ་བསྡུས་པ་དང་། འགྲོ་སོང་མང་པོ་བཏང་ནས་བཞག་པའི་གྲོས་ཆོད་དེ་དག་སྣང་མེད་ལ་བཏང་ནས། ང་ཚོའི་ལས་དོན་ལ་རྒྱབ་སྐྱོར་གྱི་ཚད་གཞི་ཆེས་སྐྱོ་བོ་ཡིན་པ་དེ་རེད། རྒྱལ་ཁབ་ཞིག་དང་སྒྲིག་འཛུགས་ཤིག་གིས་ཤེས་ཡོན་པའི་བསམ་འཆར་ལ་དོ་སྣང་མ་བྱས་པ་དེ་རྒྱལ་ཁབ་དང་སྒྲིག་འཛུགས་དེ་ཉིད་ཉམས་ཆག་ཏུ་འགྲོ་བཞིན་པའི་རྟགས་ངོ་མ་དེ་རེད། རྒྱ་གར་རྒྱལ་ཡོངས་ཀྱི་སློབ་ཆེན་པ་མང་པོ་ལོ་ལྟར་སློབ་གྲྭ་ཐོན་ནས་ཡོང་དུས་ཤེས་རིག་ལས་ཁུངས་ཀྱིས་འབྲེལ་ལམ་རྣམ་དག་ཅིག་གི་སྒོ་ནས་རང་གིས་གསོ་སྐྱོང་བྱས་པའི་སློབ་མ་རྣམས་ལ་ལས་ཀ་སྤྲོད་མ་ཐུབ་ན་མི་སྣ་ཞིག་གསོ་སྐྱོང་བྱས་པ་བེད་མེད་དུ་གྱུར་བ་རེད། ཤེས་རིག་ལས་ཁུངས་སོགས་ཚོགས་སྡེ་མང་པོས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐོག་བཞག་པའི་གྲོས་ཆོད་རྣམས་ཐེངས་མང་ཕུལ་ཀྱང་བརླགས་སོང་ཟེར་བ་དང་། ཡང་ན་སུའི་ལག་ལ་ཡོད་མེད་ཤེས་མ་སོང་ཟེར་བ་སོགས་ནི་ང་ཚོ་སློབ་མ་ཞིག་གི་སེམས་ཚོར་ལ་མཚོན་ན་སྙིང་ལ་གྲི་བཙུགས་པ་ལྟར་གྱི་ན་ཟུག་ཡོང་གི་ཡོད། མ་འོངས་པར་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་གཙོས་ཚོགས་སྡེ་སོ་སོས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐོག་བཞག་པའི་གྲོས་ཆོད་ལ་མཐོང་ཆེན་གནང་རྒྱུའི་རེ་བ་ཆེན་པོ་ཡོད། དེ་ལྟར་བྱུང་ན་ང་ཚོའི་ཤེས་ཡོན་པའི་མི་སྣ་གསོ་སྐྱོང་དང་། ང་ཚོའི་སློབ་གྲྭ་ཁག་རྒྱུན་གནས། ང་ཚོའི་སྒྲིག་འཛུགས་རྒྱུན་གནས་སོགས་ལ་ཕན་རླབས་ཆེན་པོ་ཡོང་ངེས་པ་རེད། དེ་མིན་ང་ཚོས་གསོ་སྐྱོང་བྱས་པའི་སློབ་མ་རྣམས་སྤྱི་ཚོགས་གཞན་ཞིག་གི་ལག་ཆར་འགྱུར་ངེས་པ་རེད།

གོང་དུ་ཞུས་པ་རྣམས་ནི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ཚོགས་བཅར་བ་རྙིང་པ་ཞིག་གིས་ད་ལྟའི་བར་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ལ་བཅར་བའི་ཉམས་མྱོང་རྣམས་ཕྱོགས་བསྡོམས་ཀྱིས་བྲིས་པ་ཡིན་པས། འབྲེལ་ཡོད་ཚོས་བསམ་གཞིག་རེ་གནང་རྒྱུའི་རེ་བ་ཆེ། གཞན་ཡང་ཚོགས་བཅར་བ་རྙིང་པ་ཚོས་ཚོགས་ཆེན་དང་འབྲེལ་བའི་དཔྱད་བརྗོད་རྩོམ་ཡིག་མང་ཙམ་སྤེལ་ཐུབ་པའི་རེ་བ་ཡོད།

སྤྱི་ལོ་༢༠༡༧ཟླ་བ་༣ཚེས་༡༣ཉིན་བྲིས།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *