བོད་ཀྱི་རྩོམ་རིག་མཚན་ཉིད་གཤིབ་བསྡུར།

རྩོམ་ཡིག་འདི་ཐེངས་ 1462 བཀླགས་འདུག

ས་རཱ་མཐོ་སློབ། ལྷ་ཆེན་གྱིས་བརྩམས།

བརྡ་ཆད་གཙོ་བོ། རྩོམ་རིག་གི་ལོ་རྒྱུས། རྩོམ་རིག་དར་ཚུལ། རྩོམ་རིག་གི་མཚན་ཉིད། མཚན་ཉིད་གཤིབ་བསྡུར།

ནང་དོན་གནད་བསྡུས། རྩོམ་རིག་གི་ལོ་རྒྱུས་དང་འབྲེལ་ནས་འཕེལ་རིམ་བཤད་ཅིང་། མཁས་པ་དག་གིས་བོད་ཀྱི་རྩོམ་རིག་གི་མཚན་ཉིད་འཇོག་ཚུལ་ལ་འདྲ་སའི་ཆ་དང་མི་འདྲ་སའི་ཁྱད་པར་བསྡུར་བའོ།།

སྔོན་གླེང་།

དེ་ཡང་རྩོམ་རིག་ནི་ཐོག་མར་སྤྱི་ཚོགས་དངོས་ཀྱི་འཚོ་བའི་ཁྲོད་ནས་ངལ་རྩོལ་མི་དམངས་ཀྱི་ཐོན་བསྐྱེད་རྒྱུད་རིམ་ནས་བྱུང་བ་ཡིན་ལ།སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་བསམ་བློའི་འཆར་སྒོའི་རིག་རྩལ་གྱི་རྣམ་པ་ཞིག་ཡིན། འདི་ནི་སྐྱེས་ཐོབ་ཀྱི་ཤེས་རབ་ལ་བརྟེན་ནས་གསར་གཏོད་བྱས་པ་ཞིག་མིན་ལ། སྤྱི་ཚོགས་དངོས་ཀྱི་འཚོ་བ་འཕོ་འགྱུར་ཁྲོད་ནས་ཉམས་མྱོང་དང་རང་ཉིད་གནས་པའི་ཁོར་ཡུག་གི་འཚོ་བའི་ཁྲོད་དུ་དངོས་ཀྱི་སྣང་བརྙན་མང་པོ་ཞིག་རང་ཉིད་ཀྱི་མྱོང་བ་ལ་བརྟེན་ནས་བསམ་བློའི་འཆར་སྒོ་མཐའ་དག་མཚོན་པར་བྱེད་པའི་གཟུགས་སུ་བསྐྲུན་ཡོད།རྒྱུ་མཚན་དེས་ན་དེང་རབས་གསར་རྩོམ་པ་ཚོས་བསམ་བློ་ཕྱོགས་ལྷུང་དག་གི་རྗེས་སུ་འབྲངས་སྟེ་འཁྱོག་བརྗོད་ཀྱི་རྣམ་པ་མང་པོ་ཞིག་སྤྱི་ཚོགས་ཁྲོམ་ར་རུ་སྐྲུན་བཞིན་པར་སྣང་། ཡིན་ནའང་འུ་ཅག་ལ་གདེང་འཇོག་བྱེད་པའི་གནད་དོན་མང་པོ་ཞིག་འུ་ཅག་གི་འཚོ་བ་དངོས་ཀྱི་འཆར་སྒོ་མང་པོ་ཞིག་གཅིག་བསྡུས་ཀྱི་རྣམ་པའི་ཐོག་ནས་ཀློག་པ་པོ་རྣམས་ལ་སྣང་བརྙན་གསར་དུ་བསྐྲུན་པ་ཞིག་ཡིན་ལ། ངེས་པར་དུ་གཟུར་གནས་འོག་འདས་མ་ད་གསུམ་ལ་ཕྱིར་འདང་དང་ཚོད་དཔག་གིས་བདེན་དོན་འཚོལ་དགོས།

འུ་ཅག་གངས་ཅན་པ་ལའང་རྩོམ་རྩལ་རིག་པའི་གཞུང་ལུགས་དང་རྩོམ་རིག་གི་འཕོ་འགྱུར་ཇི་ལྟར་ཕྱིན་མིན་རྟོགས་ཞིབ་བྱེད་ཐུབ་པ་མ་ཟད། དེའི་ཚེ་དེའི་དུས་ན་འཚོ་བའི་རྦ་རླབས་ཀྱི་རྣམ་འགྱུར་ཕྲ་མོ་རྣམས་རྟོགས་ཐུབ། དཔེར་ན། མཁས་དབང་མང་པོ་ཞིག་གིས་དུས་རབས་བཅུ་གསུམ་པའི་ནང་<<སྙན་ངག་མེ་ལོང་མ་>>བོད་དུ་བསྒྱུར་པའི་རྗེས་སུ་སྙན་རྩོམ་དར་བར་བཤད། ལ་ལས<<ཏུན་ཧོང་ཡིག་རྙིང་>>ནང་རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་དུས་ནས་བྱུང་བའི་གླུ་ཚིག་དེ་དག་ཡིན་པར་བཤད། ལ་ལས་བོད་ཀྱི་རྩོམ་རིག་གི་ཐོག་མ་གནའ་བོའི་དུས་སུ་བོད་སྐད་གོ་བརྡ་སྤྲོད་ཐུབ་ངེས་པའི་དུས་ནས་བྱུང་བ་ངོས་འཛིན་གནང་གི་ཡོད། མདོར་ན། ལྟ་ཚུལ་མི་འདྲ་བ་དུ་མ་མཆིས་ཀྱང་འདི་ནི་བདེན་འདི་ནི་རྫུན་ཞེས་སྨྲ་དཀའ་ཡང་། རིག་པའི་རྒྱབ་ལྗོངས་དང་གནས་ལུགས་ལ་དབྱེ་ཞིབ་བྱེད་སྟངས་ལ་གཟིགས་དགོས་པ་ནི་ཤིན་ཏུ་གལ་ཆེར་སྣང་།

བཤད་སྲོལ་ལ། མཁས་པས་བཤད་པ་ཅི་ཡང་བདེན།།སྙན་ངག་མཁན་ལ་ཅི་ཡང་རྒྱན།།ལྟོ་འདུན་ཅན་ལ་ཅི་ཡང་ཟས།།འདོད་སྲེད་ཅན་ལ་ཅི་ཡང་ནོར།།ཟེར་བ་ལྟར་གནས་ལུགས་དང་རྒྱབ་ལྗོངས་བཙལ་ནས་དོན་དངོས་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་དབྱེ་ཞིབ་བྱེད་པ་ནི་ཐབས་དམ་པའོ།།

རྩོམ་རིག་གི་ལོ་རྒྱུས་བྱུང་ཚུལ།

སྤྱིར་བཏང་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་ཁྲོད་དུ་དབྱེ་ན་གནའ་རབས་ཀྱི་རྩོམ་རིག་དང་།  ཉེ་རབས་ཀྱི་རྩོམ་རིག དེང་རབས་ཀྱི་རྩོམ་རིག་བཅས་གསུམ་དུ་དབྱེ་ཆོག་ལ། དེ་ལྟར་དབྱེ་ཞིབ་བྱེད་པ་ནི་མཐའ་གཅིག་ཏུ་ཡིན་དགོས་པ་མེད་མོད། འོན་ཀྱང་དུས་ཀྱི་འཕོ་འགྱུར་གྱིས་གནས་རིམ་མི་འདྲ་བ་དུ་མ་ཡོད་ཀྱང་སྐབས་འདིར་དབྱེ་མཚམས་བཞག་སྟེ་ཅུང་ཟད་སྨྲས་ན།

དེ་ཡང་ཕྱི་ལོའི་སྔོན་ནས་༨༤༢་གླང་དར་བར་དུ་གནའ་རབས་ཀྱི་རྩོམ་རིག་དང་། ཕྱི་ལོ་༨༤༢་ནས་༡༦༤༢བར་བོད་སིལ་བུ་ཐོར་ནས་ས་སྐྱ་དང་ཕག་གྲུ་དགའ་ལྡན་ཕོ་བྲང་བར་དུ་ཉེ་རབས་ཀྱི་རྩོམ་རིག་དང་། ཕྱི་ལོ་༡༦༤༢་ནས་༡༩༥༡་བར་དེང་རབས་ཀྱི་རྩོམ་རིག  ཕྱི་ལོ་༡༩༥༡ནས་༢༠༡༦བར་བཙན་བྱོལ་དུ་གནས་པའི་བར་དུ་དུས་རབས་ཀྱི་རྩོམ་རིག་ཟེར་ན་ཆོག་མོད།

ཟམ་གདོང་རིན་པོ་ཆེའི<<བོད་ཀྱི་རྩོམ་རིག་ལོ་རྒྱུས>>ལས“རྒྱལ་པོ་ཞིག་བརྩི་གཞི་བྱས་ནས་ཁྲི་སྲོང་གི་སྐབས་ལ་འདི་འདྲ་བྱུང་བ་རེད། ཁྲི་རལ་གྱི་སྐབས་ལ་འདི་འདྲ་བྱུང་བ་རེད་ཅེས་ཟེར་བ་དེ་ཚོ་ཞེ་ས་མ་ཞུས་ན་ལྐུགས་པའི་བསམ་ཚུལ་རེད།”[1]ཅེས་གསུངས་པ་འདི་ནི་མཐའ་གཅིག་ཏུ་བདེན་མིན་མི་ཤེས་ཏེ། རྩོམ་རིག་གི་ལོ་རྒྱུས་གཅིག་ཞིབ་འཇུག་བྱེད་དགོས་ཚེ་ངེས་པར་དུ་དུས་རབས་ཀྱི་དབྱེ་མཚམས་འབྱེད་དགོས་པར་མཐོང་མོད། འོན་ཀྱང་གོང་དུ་གསུངས་པ་ལྟར་རྒྱལ་པོ་གང་ཞིག་བརྩི་གཞི་བྱས་ཏེ་དུས་སྐབས་དེར་འཕེལ་རིམ་ཇི་ལྟར་བྱུང་མིན་སོགས་སྨྲས་ན་དགོས་པ་ཆུང་བར་མ་ཟད། ལྐུགས་པའི་བསམ་ཚུལ་གསུངས་པ་ནི་མཁས་པའི་ཉམས་ཤིག་མིན་ནམ་སྙམ། དེ་ལས་ལྡོག་སྟེ་ལོ་རྒྱུས་ཞིབ་འཇུག་ཡིན་ན་འདྲ། རྩོམ་རིག་ཞིབ་འཇུག་ཡིན་ན་འདྲ། དཔྱད་ཞིབ་བྱེད་སྟངས་ཐད་ལ་རིགས་མི་འདྲ་བ་དུ་མ་མཆིས་ཤིང་།དཔེར་ན།གནའ་རྫས་དང་ལོ་རྒྱུས་ཀྱི་ཡིག་ཆ།དེང་རབས་འཕོ་འགྱུར་དང་གནམ་གཤིས་འགྱུར་ལྡོགདྲི་བ་དང་ཚོད་དཔག་གི་ལམ་ནས་དུས་རབས་དེ་ལ་རྒྱལ་པོ་དེའི་ཚེ་དེའི་དུས་ན་རྩོམ་རིག་གི་ཁྲོད་ནས་ཆབ་སྲིད་ཀྱི་གནས་བབས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤེས་ཐུབ།

དཔེར་ན། བསོད་ནམས་ཕུན་ཚོགས་ཀྱི<<བོད་བཙན་པོའི་དུས་སྐབས་ཀྱི་སྙན་ཚིག་གི་ཁྱད་ཆོས།>>ལས“སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་གོམ་འགྲོས་དང་བསྟུན་ཏེ་སྐབས་དེར་རྩོམ་རིག་ཀྱང་འཕེལ་རྒྱས་ཆེས་ཆེར་བྱུང་ཞིང་།དམངས་ཁྲོད་རྩོམ་རིག་གི་ཆུ་རྒྱུན་སྔར་བཞིན་རྒྱས་མུས་མ་ཟད།བཅད་ལྷུག་སྤེལ་གསུམ་གྱི་ལུས་ལས་བརྩམས་པའི་རྩོམ་པ་པོའི་རྩོམ་རིག་ཀྱང་དར་རྒྱས་ཆེན་པོ་བྱུང་ནས་རིམ་བཞིན་འགོག་ཏུ་མེད་པའི་ཆུ་རྒྱུན་གསར་པ་ཞིག་ཏུ་གྲུབ་ཡོད།”[2]ཅེས་པ་ལ་བརྟེན་ནས་རྒྱལ་པོ་གང་ཞིག་གི་ཚེ་རྩོམ་རིག་འཕེལ་རྒྱས་ཇི་ལྟར་ཕྱིན་མིན་དང་ལྐུགས་པའི་བསམ་ཚུལ་ཡིན་པ་གོར་མ་ཆག   དེ་ལྟར་དབྱེ་འབྱེད་བྱེད་དགོས་པ་ནི་རྩོམ་རིག་གི་འཕེལ་རིམ་དང་། དེང་རབས་གང་ཞིག་ནས་འཕོ་འགྱུར་ཕྱིན་མིན། དུས་སྐབས་དེར་ཉམས་དང་འགྱུར་བ་ཡོད་མེད། སྤྱི་ཚོགས་ཀྱི་གནས་བབས་སོགས་རྩོམ་རྩལ་ལས་དངོས་སུ་ཤེས་ཐུབ།

དེ་བཞིན་གོང་གི་ལུང་གི་དབྱེ་འཕྲོ་ལས“གལ་སྲིད་རྩོམ་རིག་ལོ་རྒྱུས་འབྲི་བའི་སྐབས་ལ་དུས་རབས་ཤིག་འབྱེད་དགོས་ཀྱི་ཡོད་ན་རྩོམ་རིག་རང་གི་ཐུན་མོང་མ་ཡིན་པའི་གནས་སྟངས་ཀྱི་ཐོག་ནས་དུས་ཀྱི་དབྱེ་བ་མཚོན་ཐུབ་ཀྱི་འདུག་མི་འདུག་ལ་བལྟ་དགོས་པ་མིན་འགྲོ་བསམ་གྱི་འདུག”[3]ཅེས་གསུངས་པ་ལྟར་ན། རྩོམ་རིག་རང་གི་ཐོག་ནས་གནའ་རབས་རྩོམ་རིག་དང་དེང་རབས་རྩོམ་རིག་གི་དབྱེ་མཚམས་འབྱེད་དགོས་ཤིང་། དེ་ལྟར་མིན་ན་རྩོམ་རིག་རང་གི་ཐུན་མོང་མིན་པའི་ཐོག་ནས་དུས་རབས་དང་གནའ་རབས་ཀྱི་དབྱེ་བ་མཚོན་མི་ཐུབ་པ་གང་ཞིག དེ་ལྟར་དབྱེ་འབྱེད་ཕྱེས་ནའང་དགོས་པ་མེད་པའི་ཕྱིར།

དེ་ཡང་སྟག་འབུམ་རྒྱལ་གྱི<<སྲོང་བཙན་སྔ་རྗེས་ཀྱི་རྩོམ་རིག་འཕེལ་ཚུལ་གྱི་ཁྱད་པར་རགས་ཙམ་གླེང་བ>>ལས“དཔྱད་གཞིའི་ཡིག་ཆ་ལྟར་ན།སྲོང་བཙན་ཡར་སྔོན་གྱི་རྩོམ་རིག་ཐམས་ཅད་ལྷུག་བརྗོད་དང་སྙན་ངག་གི་རང་བཞིན་ལྡན་པའི་དམངས་ཁྲོད་རྩོམ་རིག་ཡིན་ལ།རྩོམ་པ་པོའང་ངལ་རྩོལ་མི་དམངས་ལས་མེད་ཅིང་།རྩོམ་རིག་གང་ཡིན་ཡང་ཚིག་རྐང་དོ་མི་མཉམ་པ་ཤུགས་ཆེ་ཞིང་རྒྱན་བཀོལ་པ་ཉུང་བ་དང་།ཕྱྭ་དང་གནམ་ལ་དད་པའི་གནའ་བོའི་འདུ་ཤེས་མཚོན་པའི་ལྷ་སྒྲུང་རང་བཞིན་ཅན་ཁོ་ན་སྟེ།དེ་དག་གིས་མེས་པོ་རྣམས་ཀྱིས་འཇིག་རྟེན་གྲུབ་ལུགས།རང་བྱུང་ཁམས་ཀྱི་སྣང་ཚུལ་དང་སྤྱི་ཚོགས་འཚོ་བར་ངོས་འཛིན་བྱེད་སྟངས་གསལ་བོར་མཚོན་ཡོད།”[4]ཅེས་པ་ལྟར། དུས་རབས་དྲུག་པའི་ནང་དུ་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་རྩོམ་རིག་འཕོ་འགྱུར་གྱི་འགྲོས་དང་བསྟུན་ནས་སྤྱི་ཚོགས་ཀྱི་གནས་བབ་གླེང་ཐུབ། དཔེར་ན་གོང་བཤད་ལྟར་རོ།།

དུས་ཀྱི་འགྱུར་ལྡོག་ཁྲོད་ནས་སྤྱི་ཚོགས་འཕེལ་རྒྱས་ལ་བརྟེན་ནས། ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་རིམ་བཞིན་གོང་འཕེལ་དུ་ཕྱིན་སྟབས། སྲོང་བཙན་གྱིས་བོད་ཁམས་ཡོངས་རྫོགས་གཅིག་གྱུར་བཟོས་པ་དང་།མི་རྣམས་ཀྱི་བསམ་བློའི་འགྱུར་ལྡོག་དབང་གིས་རྒྱལ་པོ་དེ་དང་དུས་རབས་དེའི་ཚེ་བོད་ཀྱི་རྩོམ་རིག་གི་འཕེལ་ཚུལ་དག་ད་ལྟ་བཤད་ཆོག་ཆོག་ཡོད་པ་ནི་དེང་རབས་ཀྱི་ཁྱད་པར་ལས་ཤེས་སོ།།

བོད་ཀྱི་རྩོམ་རིག་དར་ཚུལ་གླེང་བ།

དེ་ཡང་བོད་ཀྱི་རྩོམ་རིག་ཐོག་མ་དར་ཚུལ་ནི་ཧ་ལམ་འོལ་ཚོད་བྱས་ན་བོད་སྐད་ཐོག་ཕན་ཚུན་བརྡ་ལན་སྤྲད་ཐུབ་པའི་དུས་སྐབས་ནས་འཇོག་དགོས་པ་མིན་ནམ་སྙམ། དེ་ནས་རིམ་གྱིས་རིག་པ་ཇེ་གསལ་དང་ལྟ་བ་གསར་རྟོགས་རེ་ཕྱིན་ཏེ། འགྲོ་བ་མིའི་བར་ལ་འབྲེལ་ལམ་བཙུགས་ཤིང་། མཐར་རྒྱ་སྐྱེད་ཀྱི་བསམ་བློའི་འདུ་ཤེས་བསྐྲུན་ནས་འཛམ་གླིང་གཅིག་གྱུར་གྱི་ཐབས་ལ་བརྩོན་ཏེ་འཇིག་རྟེན་སྟེང་བཙན་དབང་གིས་རྒྱལ་པོ་དང་མངའ་ཁོངས་སོགས་ཆགས་པ་དང་། རང་བྱུང་ཁམས་ཀྱི་འཐབ་རྩོད་ཁྲོད་དུ་ངལ་རྩོལ་མི་དམངས་ཀྱི་རྩོམ་རིག་ཅེས་པ་ནི། ཡིག་ངག་གི་ལམ་ནས་གཅིག་བསྡུས་སྒྱུ་རྩལ་གྱི་མྱུ་གུ་འབུར་དུ་ཐོན་ཞིང་།རྗོད་བྱེད་ཚིག་དང་བརྗོད་བྱའི་དོན་རྣམས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ཐོག་ནས་འཚོལ་རྙེད་བྱུང་བར་བརྟེན། མེས་པོའི་རྣམ་དཔྱོད་ལས་བྱུང་བའི་གསོན་ཉམས་ལྡན་པ་རྣམས་རྟོགས་ཐུབ།

དེ་ཡང་རྩོམ་སྒྲིག་པ་གཅོད་པ་དོན་གྲུབ་དང་རྣམ་སྲས་གཉིས་ཀྱི་<<བོད་ཀྱི་རྩོམ་རིག་ལོ་རྒྱུས>>ལས། “དུས་སྐབས་འདིའི་རྩོམ་རིག་ནི་བོད་བཙན་པོའི་རྒྱལ་རབས་མ་བཙུགས་གོང་གི་ཆེས་གནའ་དུས་ཀྱི་རྩོམ་རིག་ལ་བྱའོ།། གནའ་རབས་ཀྱི་བོད་ཀྱི་རིགས་ཀྱང་མེས་རྒྱལ་དང་འཛམ་གླིང་གི་མི་རིགས་གཞན་དག་དང་འདྲ་བར་ངལ་རྩོལ་ཡོ་བྱད་བཟོ་སྐྲུན་བྱས་ཏེ་ཐོན་སྐྱེད་བྱེད་པ་ནས་སྤྱི་ཚོགས་འཚོ་བ་མགོ་བརྩམས་ཤིང་། ཁོ་ཚོས་ཐོན་སྐྱེད་ངལ་རྩོལ་ཁྲོད་ཕན་ཚུན་ལ་འབྲེལ་བ་བཙུགས་པ་དང་། ངལ་རྩོལ་གྱི་ལག་ལེན་དང་ཡུན་རིང་དུ་རང་བྱུང་ཁམས་ལ་འཐབ་རྩོད་ཀྱི་ཁྲོད་ནས་རིམ་བཞིན་རང་བྱུང་ཁམས་ལ་ཤེས་རྟོགས་བྱུང་སྟེ། སྨྲ་བརྗོད་དང་ཤེས་རྟོགས་ཀྱི་དབང་པོ་གོང་དུ་འཕེལ་བར་བརྟེན་དང་ཐོག་རྩོམ་རིག་སྒྱུ་རྩལ་མང་པོ་གསར་དུ་བསྐྲུན་པ་རེད།”[5] ཅེས་པ་ལྟར། དེས་ན་རྩོམ་རིག་གི་འབྱུང་ཁུངས་ནི་ངལ་རྩོལ་མི་དམངས་ཀྱི་ཐོན་སྐྱེད་ངང་ནས་དབྱངས་ཀྱི་འགྲོས་དང་མགུར་གྱི་སྡེབ་སྦྱོར་སོགས་ལ་བརྟེན་ནས་རྩོམ་རིག་གི་སྒྱུ་རྩལ་མི་འདྲ་བ་དུ་མ་གསར་དུ་བསྐྲུན་ཡོད་པ་སྨོས་ཅི་དགོས།

ཡུལ་གདོད་མའི་དུས་ནས་རྒྱ་མཚོའི་རླབས་ཕྲེང་ལྟར་རིམ་གྱིས་སྐྱོམ་ཏེ། མི་རབས་ནས་མི་རབས་བརྒྱུད་ངལ་རྩོལ་གྱི་འཚོ་བ་དངོས་ལ་བརྟེན་ནས་བྱུང་བའི་རྩོམ་རིག་གི་རྣམ་པ་དང་། རང་བྱུང་ཁམས་ཀྱི་འགྱུར་འགྲོས་དང་བསྟུན་སྤྱི་ཚོགས་འཕོ་འགྱུར་ཁྲོད་ནས་དགའ་སྐྱོ་ཆགས་སྡང་གི་རྣམ་འགྱུར་ལས་བྱུང་བའི་རྩོམ་རིག་གི་རྣམ་པའམ་སྒྱུ་རྩལ་གྱི་ཁྱད་ཆོས་མི་འདྲ་བ་གློ་བུར་གློ་བུར་དུ་དར་ཡོད་པ་དང་། དེ་ནས་རིམ་གྱིས་རྣམ་དཔྱོད་ཀྱི་རྩ་ལག་འཕེལ་རྒྱས་ཇེ་ཆེ་རུ་ཕྱིན་ཏེ། ཡིག་ཚོགས་མང་བ་དག་བསྡུས་ཤིང་། བསྡུས་པ་རྣམས་རྒྱས་སུ་བཏང་ནས་ཀློག་བདེ་བ་དང་། བརྗོད་བདེ་བ། གོ་བདེ་བ། ཐུན་མོང་དུ་སྣང་བ་དག་ཡིག་ཐོག་ཏུ་བཀོད་ནས་རྩོམ་རིག་གི་སྒྱུ་རྩལ་འཕེལ་རྒྱས་སུ་ཕྱིན་པ་རེད།

 

བོད་ཀྱི་རྩོམ་རིག་གི་མཚན་ཉིད་གླེང་བ།

དེ་ཡང་བོད་གངས་ཅན་གྱི་ཞིང་དུ་མཁས་པའི་དབང་པོ་ནམ་མཁའི་སྐར་ཚོགས་ལྟར་བགྲང་གིས་མི་ལང་མོད། འོན་ཀྱང་གྲུབ་མཐའ་དང་ཆོས་ལུགས་ཀྱི་ཐོན་སྐྱེད་སྟོབས་ལས་མི་རིགས་དང་རིག་གཞུང་ལ་ཐུགས་ཁུར་གནང་མཁན་ནི་ཧ་ཅང་ཉུང་ཉུང་ཡིན་ཞིང་། སོ་སོའི་གྲུབ་མཐའ་དེར་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ཚེ། རང་བཞིན་གྱིས་ཐུན་མོང་དུ་གྲགས་པའི་གཞུང་ལུགས་ལ་ཐུན་མོང་མིན་པའི་རང་ལུགས་ཀྱི་རྣམ་གཞག་ཐོག་ནས་འགྲེལ་ཚུལ་རེ་ཡོད། དེ་བཞིན་བོད་གངས་ཅན་གྱི་ལྗོངས་སུ་ལྟ་བ་ཐུན་མོང་དུ་གྲགས་པ་ཞིག་མེད། དེ་ནི་རང་ལུགས་དང་གཞན་ལུགས་ཟེར་བའི་རྣམ་རྟོག་བློ་ཡུལ་དུ་མ་ཤོང་བར། སོ་སོའི་གྲུབ་མཐའི་ཆེད་དུ་དགག་བཞག་སྤང་གསུམ་གྱིས་ནམ་མཁའི་མཐའ་རུ་བཀབ་སོང་།

དེ་བཞིན་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་དང་མཚན་ཉིད་དག་ལའང་བཞེད་ཚུལ་མི་འདྲ་བ་དུ་མ་མཆིས་ཤིང་། སོ་སོའི་རྣམ་དཔྱོད་ཀྱི་རྩ་ལག་རེ་དཀྲུག་སྐབས་འདི་བདེན་འདི་རྫུན་ཟེར་བ་ནི། ཕྱི་ངོས་ནས་བལྟས་ན་འགྲེལ་དཀའ་བའི་གནད་དོན་ཞིག་གཏན་ནས་མིན་མོད། འོན་ཏང་མཁས་པ་དེ་དང་དེའི་བཞེད་ཚུལ་མི་འདྲ་བ་དག་རྟོགས་སླ་མོ་ཞིག་མིན། རེ་རེ་བཞིན་བརྡར་ཤ་བཅད་ནས་དཔྱད་ན་དེ་བས་ཀྱང་རྟོགས་དཀའ་བ་དང་གནད་དོན་ལ་རྙོག་འཛིང་ཆེ་བ་ཞིག་ཏུ་མཐོང་ནའང་། གནད་དོན་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་བརྗོད་པར་བྱའོ།།

དེ་ཡང་ཟམ་གདོང་རིན་པོ་ཆེའི<<བོད་ཀྱི་རྩོམ་རིག་ལོ་རྒྱུས>>ལས“ང་ཚོས་རྩོམ་རིག་ཅེས་ལབ་བསྡད་པ་དེ་ལ་སྒྲ་ཟོར་ཡངས་པའི་དབང་དུ་བྱས་པའི་གོ་བ་ཞིག་དང་། སྒྲ་ཟོར་དོག་པའི་དབང་དུ་བྱས་པའི་གོ་བ་གཉིས་ཡོད་རེད། སྒྲ་ཟོར་དོག་པའི་དབང་དུ་བྱས་ན། ཚིག་གི་རྒྱན་དང་ལྡན་པའི་རྩོམ་དེ་ཚོ་ལ་རྩོམ་རིག་ཅེས་ལབ་དགོས་པ་ཞིག་རེད། དབྱིན་ཇིའི་སྐད་ཡིག་ནས་ཚུར་སྦྱར་བ་ཡིན་ན། ( Creative Writing ) ཟེར་བ་དེ་ཏག་ཏག་རྩོམ་རིག་ལ་གོ་གི་རེད། ལེགས་སྦྱར་ཀྱི(ཝཱངྒམཡ) ཞེས་པའི་ཚིག་དེ་སྒྲ་དོག་པའི་དབང་དུ་བྱས་ན་རྣམ་རྟོག་གི་འགྱུར་བ་དང་ངག་གི་འགྱུར་བ་གཉིས་ཆའི་ཐོག་ནས་གང་བརྗོད་རྒྱུའི་དོན་དག་དེ་ཚོ་ཉམས་ཕུན་སུམ་ཚོགས་པ་ཞིག་གི་སྒོ་ནས་བརྗོད་རྒྱུའི་འབད་བརྩོན་བྱས་པ་ཞིག་ལ་གོ་གི་ཡོད་རེད། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས།། ངག་གི་རང་བཞིན་མེ་ལོང་ཐོབ།། ཟེར་བའི་ངག་གི་རང་བཞིན་ནི་སྤྱིར་བཏང་བ་དེ་མ་ཡིན་པར་ཉམས་དང་ལྡན་པའི་ངག་ཅིག་ལ་གོ་དགོས་པ་ཡིན་ཙང་། ཉམས་ལྡན་གྱི་ངག་གི་ལམ་ནས་བྲིས་པའི་ཚིག་གང་ཡིན་པ་དེ་དག་ལ་རྩོམ་རིག་ཅེས་ལབ་ན་འགྲིག་གི་ཡོད་རེད།”[6]ཅེས་སྒྲ་ཡངས་དོག་གི་ཁྱད་པ་འཇོག་པ་ལྟར། གོང་གསལ་བཞིན་སྐད་ཆའི་ལམ་ནས་ཕན་ཚུན་བརྡ་སྤྲོད་ཐུབ་པའི་དུས་ནས་རྩོམ་རིག་ཅེས་བྱ་བ་ནི་སྒྲ་ཡངས་བའི་དབང་དུ་བྱས་ཤིང་། ཅུང་སྒྲ་དོག་པོའི་དབང་དུ་བྱས་ན་ཚིག་གི་རྒྱན་དང་ལྡན་པའི་རྩོམ་དག་ལ་རྩོམ་རིག་ཅེས་གསུངས་པ་འདི་ནི་སྙན་ངག་མེ་ལོང་མ་བོད་དུ་བསྒྱུར་ནས་བོད་ཀྱི་རྩོམ་རིག་ལ་ཤན་ཞུགས་པ་ཡིན་ནམ་སྙམ།

དེ་བཞིན་འགོས་པདྨ་རྒྱལ་མཚན་སོགས་མཁས་པ་མང་པོས་བོད་ཀྱི་རྩོམ་རིག་ལ་སྙན་ངག་མེ་ལོང་མའི་ཤུགས་རྐྱེན་ཐེབས་པ་གསུངས་སྒྲོས་མང་པོ་འདུག ཡིན་ནའང་ངའི་ལག་ཏུ་སོན་པའི་བཀྲ་ཤིས་ཚེ་རིང་གིས་བརྩམས་པའི<<སྙན་ངག་མེ་ལོང་གི་དཀའ་གནད་འགའ་ལ་དཔྱད་པ>>ཟེར་བའི་ནང་དུ“མེ་ལོང་འདི་ཉིད་མ་བསྒྱུར་སྔོན་དུ་ཚིགས་བཅད་ཀྱི་རྐང་པ་དོ་སྙམ་པོ་དེ་ཙམ་མེད་པར་འདོད་མོས་ལྟར་བཀོད་པ་མཐོང་རྒྱུ་ཡོད་ནའང། མེ་ལོང་བསྒྱུར་ནས་བཟུང་ཚིགས་བཅད་ཀྱི་རྐང་པ་དེའང་བཞི་རུ་ངེས་ཤིང་། ཚེག་བར་གྱི་ཆ་ནས་ཀྱང་མང་ཉུང་དོ་མཉམ་པ་མ་གཏོགས་མགུར་གླུ་ལྟར་ཚེག་བར་མང་ཉུང་ཤོར་བ་གཏན་ནས་མཐོང་རྒྱུ་མེད།”[7]ཅེས་པ་ནི་བོད་ཀྱི་རྩོམ་རིག་ལ་སྙན་གཞུང་མེ་ལོང་མས་ཤུགས་རྐྱེན་ཐེབས་པའི་སྒྲུབ་བྱེད་ཚུལ་དུ་བཀོད་པ་ཡིན་མོད། འོན་ཀྱང་གནད་དོན་མང་པོ་ཞིག་གི་ཐོག་ནས་ཤུགས་རྐྱེན་ཐེབས་ཚུལ་གསུང་ནའང་སྐབས་འདིར་ཡིག་མང་ཤོར་དོག་ནས་མ་བཀོད།

མཁས་དབང་ཟམ་གདོང་རིན་པོ་ཆེའི<<བོད་ཀྱི་རྩོམ་རིག་ལོ་རྒྱུས>>ལས“སྒྱུ་རྩལ་གྱི་རྣམ་འགྱུར་ཚིག་གི་ཐོག་ནས་བསྐྲུན་པའམ་བཟོ་བཀོད་བྱས་པའི་ངག་གི་རང་བཞིན་ཞིག་ལ་རྩོམ་རིག་ཅེས་ལབ་དགོས་ཀྱི་ཡོད་རེད།”[8]ཅེས་པ་ལྟར། འགྲོ་བ་མི་རྣམས་ཀྱིས་སྒྱུ་རྩལ་གྱི་རྣམ་འགྱུར་མཐའ་དག་ཚིག་གི་ལམ་དུ་བཀོད་ཅིང་། དབྱིབས་ལེགས་མཛེས་པའི་བཟོ་བཀོད་ཅིང་ངག་གི་རང་བཞིན་ལྡན་པའི་ཆ་ནས་རྩོམ་རིག་གི་སྒྱུ་རྩལ་ཞིག་ལ་གོ་དགོས་སྙམ།  མདོར་ན་སྐྱེས་བུའི་ངག་གི་རྣམ་པ་རིག་བྱེད་དུ་བརྗོད་པའི་སྒྲའི་རྣམ་འགྱུར་དག་ཚིག་ཐོག་ནས་བསྐྲུན་པ་ཞིག་ལ་རྩོམ་རིག་ཟེར།

དཔལ་དོན་གྲུབ་རྒྱལ་གྱི<<རྩོམ་རིག་སྒྱུ་རྩལ་གྱི་སྣང་བརྙན་སྐོར་ཅུང་ཟད་གླེང་བ>>ལས། “རྩོམ་རིག་ནི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་དམིགས་བསལ་ཅན་ཞིག་ཡིན་པ་དང་། སྤྱི་ཚོགས་ཀྱི་འཚོ་བ་ངེས་ཅན་ཞིག་རྩོམ་པ་པོའི་ཡིད་ལ་སྣང་བའི་ཐོན་དངོས་ཤིག་རེད།”[9]ཅེས་པ་ལྟར་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་མི་འདྲ་བ་རྣམས་ཚུར་ཕྱོགས་གཅིག་ཏུ་བསྡུས་ཏེ་རྩོམ་པ་པོའི་ཡིད་ལ་འཆར་སྣང་ཞིག་དངོས་སུ་ཐོན་ཏེ། དེའི་མི་རིགས་དང་རིག་གཞུང་གང་དང་གང་ཡིན་རུང་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་ནུས་པའི་འདུ་ཤེས་ཤིག་བསྐྲུན་ཡོད་པ་མ་ཟད། དེའི་འཕྲོ་དེ་ཉིད་ལས“རྩོམ་རིག་གིས་སྤྱི་ཚོགས་ཀྱི་འཚོ་བའི་སྣང་ཚུལ་མཐའ་དག་མཚོན་པར་བྱེད་ནུས་པ་དང་། དངོས་པོ་དང་བསམ་བློ། ཕྱི་ལུས་ཀྱི་རྣམ་པ་དང་ནང་སེམས་ཀྱི་འགྱུར་བ་ལ་སོགས་པ་རྣམས་ཐད་ཀར་མཚོན་ཐུབ།”[10]གོང་བཤད་ལྟར་རྩོམ་པ་པོའི་འཇིག་རྟེན་གྱི་གནས་ཚུལ་དམིགས་བསལ་ཅན་རྣམས་ཡིད་ལ་བཟུང་སྟེ་ཚིག་གི་སྡེབ་སྦྱོར་དང་དབྱངས་ཀྱི་འགྱུར་འགྲོས་དང་བསྟུན་ནས་ཡིག་ངག་གི་ཐོག་ཏུ་བཀོད་ཅིང་།མ་འོངས་སྤྱི་ཚོགས་སུ་བསྐལ་བ་ཡ་ཐོག་གི་འཚོ་བ་རྣམས་ཕྱི་རབས་པ་དག་ལ་རིམ་གྱིས་ར་སྤྲོད་བྱེད་ཐུབ་པ་མ་ཟད།ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྤྱི་ཚོགས་ཀྱི་འདུ་ཤེས་བསྐྲུན་པའི་གནས་ལུགས་ཀྱང་ལྡན་ཡོད།

ཨ་ལག་དོར་ཞིའི<<སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་བཤད་སྦྱར་རྩོམ་རིག་འཇུག་སྒོ>>ལས། “ སྐྱེས་བུའི་ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲ་དང་། དེ་མཚོན་བྱེད་ཀྱི་ཡི་གེ་ལས་གྲུབ་པའི་གཏན་ཆགས་ཀྱི་རྣམ་པ་ཞིག་སྟེ།”[11]ཞེས་གསུངས་པ་ལྟར། མཚན་ཉིད་འདིའི་ཟུར་དང་པོའི་ནང་དུ་ངལ་རྩོལ་མི་དམངས་ཁྲོད་དུ་གཅིག་ནས་གཅིག་བརྒྱུད་དེ་ལབ་གླེང་དང་། སྒྲུང་དང་གཏམ་རྒྱུད། ལ་གཞས་དང་གླུ་གཞས་སོགས་ངག་ཐོག་ནས་དབྱངས་ཀྱི་འགྱུར་འགྲོས་སོགས་ཡོད་རུང་མེད་རུང་གང་ལྟར་ངག་ནས་བརྒྱུད་པ་ཞིག་དང་། ཟུར་གཉིས་པའི་ནང་དུ་ངག་གི་རིག་བྱེད་དག་ཡི་གེའི་གཟུགས་སུ་གྱུར་ཏེ། གླེགས་བམ་དུ་གྲུབ་ཅིང་བརྗོད་བྱ་དང་རྗོད་བྱེད་ཀྱི་རྣམ་པ་ཇི་སྙེད་ལྡན་པའོ།།

མདོར་ན་གོང་བཤད་ལྟར། མཁས་པ་དག་གི་རྩོམ་རིག་གི་མཚན་ཉིད་གཅིག་གཏན་འབེབས་སུ་གྲུབ་པ་མེད་ཅིང་། སོ་སོའི་བློའི་རྣམ་དཔྱོད་ཀྱིས་རྩལ་དཀྲུག་དཀྲུག་བྱས་པ་ལས་གཅིག་གྱུར་གྱི་བསམ་པ་ཡེ་ནས་མེད་པ་ཤེས་ཐུབ། དཔེར་ན་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ནི་ཀ་བའི་མཚན་ཉིད་ཡིན་པ་མཁས་བླུན་ཀུན་གྱིས་ཐུན་མོང་དུ་གྲགས་ཤིང་། མཚན་ཉིད་དེའི་ཆོས་གང་ཡིན་པ་དེ་མཚོན་ཐུབ་པ་མ་ཟད། ཁྱབ་པ་སྒོ་བཞི་ཡང་ངེས་པའི་ཕྱིར།

སྤྱིར་བཏང་མཚན་ཉིད་དང་གོ་དོན་ལ་ཁྱད་པར་ཡོད་དེ་མཚན་ཉིད་ཡིན་ན་ཁྱབ་པ་སྒོ་བཞི་ཚང་དགོས་པ་དང་། གོ་དོན་ཡིན་ན་དེ་ལྟར་མི་དགོས་ཤིང་། ཆོས་དེ་དང་དེའི་རྣམ་པ་མཚོན་ཐུབ་ཙམ་བྱུང་ན་འགྲིག་སྙམ། དེ་བཞིན་བསོད་ནམས་དབང་ལྡན་དང་བུ་བཞི་གཉིས་ཀྱི<<རྩོམ་རིག་རྣམ་བཤད>>ལས། “རྩོམ་རིག་ནི་སྐད་ཆ་ལ་བརྟེན་ནས་ཡིད་ཀྱི་ཚོར་རྟོག་དང་དྲན་པའི་འཆར་སྣང་སྣ་ཚོགས་པ་དེ་ཕྱིར་ཐོན་ཅི་ཐུབ་བྱེད་པས། སྐད་ཆའི་སྦྱོར་བ་ལ་མཁས་པའི་རྩོམ་པ་པོར་སྐད་ཆ་སྨྲ་བའི་དབང་པོ་དང་། རྩོམ་རིག་ལ་སྐད་ཆའི་སྒྱུ་རྩལ་ཞེས་བསྔགས་བཞིན་ཡོད།”[12] ཅེས་པ་ལྟར། རྩོམ་རིག་ཅེས་པའི་འབྱུང་རྐྱེན་གཙོ་བོ་ནི་ངག་གི་རྣམ་རིག་ལས་བྱུང་བའི་སྒྲ་གཟུགས་ཤིག་དང་། དེ་ལ་བརྟེན་ནས་རྣམ་འགྱུར་གྱི་རང་གཟུགས་དག་ལས་རྩོམ་པ་པོའི་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་ཐུབ་པར་བཤད། དེ་ཡང་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་རྩོམ་པ་པོའི་ཡིད་ཀྱི་ཚོར་འདུ་དྲག་ཞན་དབང་གིས་རྩོམ་ལུས་མི་འདྲ་བ་སྣ་ཚོགས་ཤིག་ཡིག་ཐོག་ཏུ་བཀོད་ཡོད། དཔེར་ན། ཚིགས་བཅད་དང་། ཚིག་ལྷུག སྤེལ་མ། དེང་སང་བལྟས་ན་འབོལ་རྩོམ་དང་། དཔྱད་རྩོམ། རང་མོས་སོགས་རྩོམ་ལུས་ཀྱི་སྒོ་ནས་དུ་མ་མཆིས།

རྩོམ་རིག་ཅེས་པའི་རྩོམ་རིག་གི་མཚན་ཉིད་དང་དེའི་ཁྱད་ཆོས་དག་ཚད་གཞི་ངེས་ཅན་ཞིག་འཇོག་ཏུ་རུང་བས། དེ་སྔོན་གནའ་དེང་དཔྱད་རྩོམ་མང་པོའི་ནང་དུ་གདེང་འཇོག་བྱེད་ཆོག་པའི་རྩོམ་རིག་གི་མཚན་ཉིད་ཅིག་མཇལ་རྒྱུ་མ་བྱུང་། ཡིན་ནའང་མཁས་པ་དེ་དང་དེའི་བཞེད་ཚུལ་མི་འདྲ་བ་དག་གོང་དུ་བཀོད་ཡོད་ལ་སླར་ཡང་ཅུང་ཟད་ཟུར་ཆ་གཅིག་ལ་འཇོག་ཚུལ་མི་འདྲ་བ་རྣམས་རེ་རེ་བཞིན་བཀོད་པ་བྱའོ།།དེ་ཡང་བུ་བཞི་བསམ་པའི་དོན་གྲུབ་ཀྱི་<<ཆེད་རྩོམ་ཕྱོགས་སྒྲིག་>>ལས“ཉེ་ལམ་བོད་ཀྱི་རྩོམ་རིག་གི་ཁྱད་ཆོས་དང་མི་རིགས་རྩོམ་རིག་གི་ཚད་གཞི་གླེང་བའི་དཔྱད་རྩོམ་གང་མང་ཁྲོད་གོ་དོན་འདི་ལ་མིང་བརྡའི་ཐད་ནས་བརྗོད་སྟངས་ཅུང་མི་མཐུན་པ་ཡོད་དེ། རྩོམ་རིག་གི་མི་རིགས་ཁྱད་ཆོས་སམ། མི་རིགས་རྩོམ་རིག་ཚད་གཞི། རྩོམ་རིག་གི་མི་རིགས་རང་བཞིན་ནམ་རང་གཤིས་ཅི་རིགས་བརྗོད་ཀྱང་། གང་ལྟར་བརྗོད་བྱའི་གནད་ཀྱི་ཕྲ་མོ་ནི་གཅིག་ལས་མ་འདས་སོ།།”[13] ཟེར་བ་ལྟར་ཁོང་གིས་རྩོམ་རིག་གི་ཁྱད་ཆོས་ལ་མི་རིགས་ཀྱི་ཁྱད་ཆོས་ཡོད་པ་སྔོན་གྱི་མཁས་པ་དག་གིས་ཞིབ་མོ་བརྗོད་མེད་པ་དང་། མིང་བརྡའི་ཁྱད་ཆོས་ཕྲན་བུ་ཙམ་ལ་འགྲེལ་ཚུལ་མི་མཐུན་པ་མང་པོ་ཡོད་པ་བཞེད། གང་ལྟར་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་ངག་གི་རྣམ་པ་རིག་བྱེད་ཀྱི་སྒྲའམ་དེ་མཚོན་པར་བྱེད་པའི་ཡི་གེའི་གཟུགས་སུ་གྲུབ་པ་ཞིག་ལ་གོ་བ་ལས་ལྡོག་སྟེ། དེང་སང་ནང་བསྟན་ཆོས་ལུགས་ཀྱིས་ལྟ་བ་བཞེད་ཚུལ་མི་འདྲ་བ་གཅིག་མཚུངས་སུ་གྱུར།

དཔེར་ན།  དཔལ་ལྡན་ས་སྐྱ་པས་བདེན་སྟོང་མེད་དགག་ཙམ་ལྟ་བ་ཡང་དག་མི་བཞེད་དེ། བདེན་མེད་ལ་མངོན་པ་ཞེན་པའི་བློ་ལྡོག་ཏུ་མེད་པ་གང་ཞིག ད་དུང་བདེན་མེད་ལ་མངོན་པ་ཞེན་པའི་བློ་ཡང་སྤང་དགོས་པའི་ཕྱིར། དཔེར་ན་རྟ་གཡས་ཕྱོགས་ནས་བཞོན་ན་གཡོན་ཕྱོགས་སུ་མི་ལྷུང་བ་བྱེད་དགོས་པའི་ཕྱིར་ཟེར་བ་དང་། དེ་བཞིན་རི་བོ་དགའ་ལྡན་པས་བདེན་སྟོང་མེད་དགག་ཙམ་ལ་ལྟ་བ་ཡང་དག་བཞེད་དེ།  དགག་པ་གཉིས་ཀྱིས་རྣལ་མ་གོ་དགོས་པའི་ཕྱིར་ཟེར་ནས་ལྟ་བའི་ཐད་ལ་རྩོད་གླེང་གི་གླེགས་བམ་མཁའ་རུ་མི་ཤོང་བ་ཡོད། མདོར་ན་དཔེ་མཚོན་ཙམ་བཀོད་པ་ལྟར་གཞི་གཅིག་གི་སྟེང་དུ་གནས་ལུགས་བདེན་མེད་རྟོགས་ཚུལ་ལ་ལོ་དང་ལོ་རྩོད་ཅིང་ད་དུང་ཡང་ཐག་ཆོད་མེད་ཅིང་། མ་འོངས་པ་ལའང་ཐག་བཅད་དཀའ་བས་དེ་བཞིན་འདས་མ་ད་གསུམ་གྱི་རྩོད་གླེང་གི་གླེགས་བམ་མཐའ་ཡས་པ་ཞིག་འཇིག་རྟེན་གྱི་སྟེང་དུ་བསྐྲུན་ཡོད། དཔེ་དེ་བཞིན་རྩོམ་རིག་གི་མཚན་ཉིད་ལའང་ཟུར་ཆ་གསུམ་འདྲ་ནའང་ཟུར་ཆ་གཅིག་མི་འདྲ་བར་གྱུར་པས། རང་རང་གི་ལུགས་ཤིག་མངོན་པར་སྒྲུབ་པ་ལས་ཐུན་མོང་དུ་གྲགས་པ་ཞིག་བཀོད་རྒྱུ་མེད་པ་ཞིག་སྣང་ངོ་།།

དེ་བཞིན་བུ་བཞི་བསམ་པའི་དོན་གྲུབ་ཀྱི་<<ཆེད་རྩོམ་ཕྱོགས་སྒྲིག་>>ལས“རྩོམ་པ་པོས་རྩོམ་སྟངས་དང་སྒྱུ་རྩལ་ཐབས་ཤེས་ག་གེ་མོ་ཞིག་ལ་བརྟེན་ནས་ཁྲ་ཁྲ་རིག་རིག་གི་སྒྱུ་རྩལ་སྣང་བརྙན་གང་མང་བཞེངས་གྲུབ་བྱུང་བའི་དུས་ནི་གོ་རིམ་གསུམ་པ་སྟེ་རྩོམ་རིག་བརྩམས་ཆོས་སུ་འབོད།”[14] ཅེས་ཟེར་བ་ལྟར་འདི་བདེན་པ་ཞིག་མཐོང་མོད། འོན་ཀྱང་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་བྱུང་བའི་ཡིག་གཟུགས་སུ་གྱུར་པ་མིན་ལ། ཁྲ་ཁྲ་རིག་རིག་ལ་བརྟེན་ནས་སྒྱུ་རྩལ་སྣང་བརྙན་ཞིག་སྐྲུན་ཡོད། འདི་ལྟར་རིག་པའི་རྩོམ་རྩལ་གྱི་གར་སྟེགས་སྟེང་དུ་གནས་ལུགས་ཀྱི་བདེན་དོན་ལ་མངོན་དུ་ཕྱོགས་ཏེ། གཅིག་གྱུར་གྱི་གནད་དོན་ཞིག་རྙེད་ཚེ་ད་གཟོད་གཞི་ནས་འུ་ཅག་ལ་ཤར་རིའི་རྩེ་ནས་མངོན་དུ་འཕགས་པའི་དོང་ཙེའི་འོད་མདངས་ལ་ལོངས་སུ་སྤྱོད་ཐུབ་པའི་གདེང་ཚོད་ཅིག་རྙེད་པ་ཡིན།

རྩོམ་རིག་གི་མཚན་ཉིད་གཤིབ་བསྡུར།

དེ་ཡང་རྩོམ་རིག་གི་མཚན་ཉིད་འཇོག་པའི་སྐབས་སུ“སྒྱུ་རྩལ་གྱི་རྣམ་འགྱུར་ཚིག་གི་ཐོག་ནས་བསྐྲུན་པའམ་བཟོ་བཀོད་བྱས་པའི་ངག་གི་རང་བཞིན་ཞིག་ལ་རྩོམ་རིག་ཅེས་ལབ་དགོས་ཀྱི་ཡོད་རེད།”ཅེས་དང་། དེ་བཞིན“སྐྱེས་བུའི་ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲ་དང་།དེ་མཚོན་བྱེད་ཀྱི་ཡི་གེ་ལས་གྲུབ་པའི་གཏན་ཆགས་ཀྱི་རྣམ་པ་ཞིག་སྟེ།”ཞེས་པའི་སྐབས་སུ་དང་པོའི་མཚན་ཉིད་ནང་གི་རྣམ་གཅོད་དང་ཡོངས་གཅོད་ཀྱིས་གཅོད་ཚུལ་ལ། ཟུར་གཉིས་ལས་ཟུར་དང་པོ་ནི་ངག་ཐོག་གི་སྒྱུ་རྩལ་གྱི་རྣམ་འགྱུར་དང་། ཟུར་གཉིས་པ་ནི་ཡིག་ཐོག་དབྱིབས་གཟུགས་སུ་བཀོད་ནས་ངག་གི་རང་བཞིན་ཞིག་ལ་ཟེར་བར་སྣང་སྙམ།དེ་བཞིན་མཚན་ཉིད་གཉིས་པའི་ཟུར་དང་པོ་ནི་ངག་ཐོག་གི་རྩོམ་རིག་དང་།གཉིས་པ་ཡིག་ཐོག་གི་རྩོམ་རིག་ཅིག་གྲུབ་ཡོད།

གཉིས་ཀའི་ནང་དུ་ཡིག་ངག་གི་རྣམ་གཞག་བཤད་པ་གསལ་ནའང་གང་ཟག་གི་དབྱེ་བ་འབྱེད་སྟངས་ཐད་ལ་ཁྱད་པར་ཤིན་ཏུ་ཆེ།དཔེར་ན་སྐྱེས་བུ་ངག་གི་རྣམ་པ་རིག་བྱེད་ཀྱི་སྒྲ་ཡིན་མིན་ལ་ཁྱད་པ་ཤིན་ཏུ་ཆེ་ཞིང་། མཚན་ཉིད་དང་པོའི་ནང་དུ་སྒྱུ་རྩལ་གྱི་རྣམ་འགྱུར་ལ་བརྟེན་ནས་ཚིག་གི་ཐོག་ནས་བརྗོད་པའི་ངག་ཡིན་ན་སྐྱེས་བུ་ངག་གི་རྣམ་པ་རིག་བྱེད་ཀྱི་སྒྲ་ཡིན་པའི་ཁྱབ་ཀྱང་། སྐྱེས་བུ་ངག་གི་རྣམ་པ་རིག་བྱེད་ཀྱི་སྒྲ་ཡིན་ན་སྒྱུ་རྩལ་གྱི་རྣམ་འགྱུར་ཚིག་གི་ཐོག་ནས་བསྐྲུན་པ་ཡིན་པའི་མ་ཁྱབ་སྟེ། སྒྱུ་རྩལ་རྣམ་འགྱུར་མེད་པའི་སྐྱེས་བུའི་ངག་གི་རྣམ་པ་རིག་བྱེད་ཀྱི་སྒྲ་ཡོད་པའི་ཕྱིར་ན་མཚན་ཉིད་གཉིས་པོ་ཟུར་གཅིག་ནས་མི་མཐུན་པའོ།།

སྤྱིར་བཏང་རྩོམ་རིག་གི་མཚན་ཉིད་དཔྱིས་ཕྱིན་པ་ཞིག་བླུན་རྨོངས་བདག་ལྟ་བུས་བཤད་འོས་སུ་མིན་ནའང་། གཞུང་ལུགས་སོ་སོའི་འདོད་ཚུལ་ཙམ་ཞུས་པ་ལ་འགལ་བ་ལྟ་བུ་སྣང་མེད། དཔེར་ན། ནུབ་ཕྱོགས་པས(གསར་རྩོམ་)ཞེས་པ་ནི་Creative Writing ཟེར་བ་དང་།(Encyelopedia) ཀུན་འདུས་ཚིག་མཛོད་ཆེན་མོ། ལས“རྩོམ་རིག་ཅེས་པ་གང་ཡིན་མིང་དོན་ལེགས་པར་འཇུག་པ་ལ། བརྗོད་དོན་རྣམས་ཚར་དུ་དངར་བ་དང་གོ་རིམ་ལྡན་པའི་སྒོ་ནས་གཞན་ཡིད་མགུ་བར་ནུས་པ་ཞིག་དགོས་པ་ཡིན། རོལ་དབྱངས་དང་། དཔེ་དེབ། ཚོན་སྦྱོར། འདྲ་སྐུ། ཡང་ན་དྲན་རྟེན་གྱི་དངོས་རིགས་ཀྱིས་མཚོན་པའི་བྱ་དངོས་གང་ཞིག་ཡིན་རུང་། གཞི་ནས་ང་ཚོས་དེ་ལ་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པར་བརྗོད་ཆོག དེ་ནི་རྩོམ་རིག་ལ་དགོས་ངེས་ཀྱི་ཁྱད་ཆོས་དང་པོ་དེ་ཡིན། གཞན་ཡིད་འགུག་པར་ནུས་པའི་སྒྱུ་རྩལ་ནི་ལུས་ཀྱི་རྣམ་པ་ལྡན་པའི་བྱ་དངོས་ཤིག་ལ་ཡོད་ཅིང་། རྣམ་པ་ལྡན་པའི་རྩོམ་རིག་ཅིག་ཡོང་བ་ལ་རྩོམ་པ་པོ་དེ་སྐད་ཡིག་དང་དེའི་སྦྱོར་བ་ལ་མངའ་བརྙེས་པ་ཞིག་ཡིན་དགོས།”[15]སྐབས་འདིར་གོང་དུ་མཚན་ཉིད་དང་པོའི་རྣམ་འགྱུར་གྱི་སྒྱུ་རྩལ་དང་འབྲེལ་བ་ཡོད་ཅིང་། འགྲེལ་ཚུལ་ཐད་ལ་ཅུང་མི་འདྲ་བ་སྣང་མོད། དཔེར་ན། རོལ་དབྱངས་དང་། དཔེ་དེབ།འདྲ་སྐུ།ཡང་ན་དྲན་རྟེན་གྱི་དངོས་རིགས་ཀྱིས་མཚོན་པའི་བྱ་དངོས་གང་ཞིག་ཡིན་རུང་དེ་ལས་སྒྱུ་རྩལ་ཁྱད་ཆོས་བརྗོད་པ་དང་། གཞན་ཡང་ལུས་ཀྱི་རྣམ་འགྱུར་གྱིས་གཞན་སེམས་འགུག་ནུས་པའི་སྒྱུ་རྩལ་གྱི་རྩོམ་རིག་ཅེས་བརྗོད་པ་ལ་བརྟེན་ནས་བྱ་དངོས་དང་ལུས་ཀྱི་རྣམ་འགྱུར་གཉིས་ནས་ཁྱད་པར་ཕྱེས་ཡོད།

བསོད་ནམས་དབང་ལྡན་དང་བུ་གཞི་གཉིས་ཀྱི<<རྩོམ་རིག་རྣམ་བཤད>>ལས“རྩོམ་རིག་སྤྱི་དང་བྱེ་བྲག་གི་ཁྱད་ཆོས་རྣམས་གཙོ་བོ་སྐད་ཆ་ལ་བརྟེན་ནས་ལེགས་པར་མཚོན་དགོས་པས་ན། སྐད་ཆ་ནི་སྙན་རྩོམ་འགྲུབ་བྱེད་ཀྱི་རྒྱུ་གཙོ་བོ་ཡིན་པས་འདི་ནི་སྤྱིར་བཏང་བའི་བརྗོད་པ་དང་ཚིག་གི་ཕྲེང་བ་ཙམ་ལ་མི་ཟེར་བར། བརྗོད་པར་བྱ་བ་གང་ཞིག་སྐད་ཆའི་གནས་བབ་ཁྲོད་དུ་བརྗོད་མཁན་དང་མྱོང་མཁན་བར་བརྩམས་ཆོས་དངོས་བརྒྱུད་ནས་འབྲེལ་བའི་ངག་དོན་མཐུན་པ་ཞིག་ལ་བཤད་དེ། དེ་བརྗོད་མཁན་དང་མྱོང་མཁན་སྐད་ཆའི་གནས་བབ། བརྩམས་ཆོས། འབྲེལ་ཐུག་སོགས་ཀྱི་གྲུབ་ཆ་ལྔ་ཡིས་གྲུབ་ཡོད།”[16]ཅེས་པ་ལྟར། བརྗོད་པ་དང་ཚིག་ཕྲེང་སྤྱིར་བཏང་ཙམ་ལ་མི་ཟེར་བར། བརྗོད་པར་བྱ་བ་གང་ཞིག་སྐད་ཆའི་གནས་བབ་ཁྲོད་དུ་བརྗོད་མཁན་དང་མྱོང་མཁན་བར་བརྩམས་ཆོས་དངོས་བརྒྱུད་ནས་འབྲེལ་བའི་ངག་དོན་མཐུན་པ་ཞིག་ལ་བཤད་དགོས་པ་ཡིན་ན། གོང་གི་མཚན་ཉིད་དུ་སྒྱུ་རྩལ་གྱི་རྣམ་འགྱུར་ཚིག་གི་ཐོག་ནས་བསྐྲུན་པ་དང་སྐྱེས་བུའི་ངག་གི་རྣམ་པ་རིག་བྱེད་ཀྱི་སྒྲས་ཟིན་པ་དག་རྩོམ་རིག་གི་མཚན་ཉིད་དུ་འཇོག་པའང་དཔྱད་དགོས་པ་སྣང་ངོ་།།

དེས་ན་བཀྲ་ཤིས་ཚེ་རིང་གི<<སྙན་ངག་མེ་ལོང་གི་དཀའ་གནད་འགའ་ལ་དཔྱད་པ།>>“རྣ་བར་སྙན་པ་དང་ཡིད་དབང་འཕྲོག་ཐུབ་པ་ཞིག་ཡིན་ན་རྩོམ་རིག་གི་ཁོངས་སུ་བསྡུ་བ་ལ་འགལ་བ་དེ་ཙམ་མེད་པ་ལྟ་བུར་མངོན།”[17] ཞེས་པ་ནི་སྙན་ངག་ཡིན་ན་རྩོམ་རིག་ཡིན་པའི་ཁྱབ་པ་ཁས་ལེན་ཞིང་། གང་ལྟར་གཞི་གཅིག་ལ་མཚན་ཉིད་ཐ་དད་པ་མང་པོ་ཞིག་བཞག་ཡོད་ཅིང་། རེ་རེ་བཞིན་དཔྱད་ཞིབ་བྱས་ན་རྩོམ་པ་པོ་རང་ཉིད་ཀྱིས་ཉམས་འགྱུར་མི་འདྲ་བ་སྣང་བའི་སྒོ་ནས་མཚན་ཉིད་ཀྱི་ཟུར་འཇོག་སྟངས་མི་འདྲ་བ་མཆིས་པ་གོར་མ་ཆག  ནུབ་ཕྱོགས་པ་འགའ་ཞིག་གིས“རྩོམ་རིག”ཅེས་པ་ལ་ཁྱབ་ཆེ་ཆུང་ཡོད་པ་བཤད་ཅིང་། ཁྱབ་ཆེ་བ་ལ་ཤོག་ཐོག་གི་ཡི་གེ་ཕྲེང་བ་བཀོད་ཚད་ལ་རྩོམ་རིག་ཅེས་པ་དང་། ཁྱབ་ཆུང་བ་ལ་ཡུལ་དང་དུས། སྐད་ཡིག་དང་བརྗོད་གཞི་སོ་སོར་བྱེ་བྲག་ཕྱེ་བའི་ཐོག་ཡི་གེ་བྲིས་པ་དག་ལ་རྩོམ་རིག་ཟེར།

དེ་བཞིན་བེ་རི་འཇིགས་མེད་དབང་རྒྱལ་གྱི<<བོད་ཀྱི་རྩོམ་རིག་སྤྱི་བཤད།>>ལས“རྩོམ་པ་པོའི་བསམ་བློའི་ཀུན་རྟོག་ལ་དགའ་སྐྱོ་ཁྲོ་ཆགས་གང་ཞིག་གིས་གཡོ་འགུལ་ཐེབས་པ་ལས་བྱུང་བའི་ནང་བསམ་བློའི་འཆར་སྒོ་དེ་ཉིད།ཕ་རོལ་པོས་གོ་བ་ཇི་ལྟ་བ་བཞིན་ལེན་ཐུབ་པའི་སྒྱུ་རྩལ་གྱི་བརྡ་ཐབས་ཤིག་ཡིན།”[18]ཞེས་པ་ནི་རྩོམ་པ་པོའི་བསམ་བློའི་འཆར་སྒོ་དེ་ཉིད་གཞན་ཕ་རོལ་པོས་གོ་བརྡ་ཇི་ལྟ་བ་བཞིན་ལེན་ཐུབ་པའི་རྣམ་འགྱུར་གྱིས་བརྡ་དོན་ཞིག་མ་གཏོགས། ཚིག་ཕྲེང་གི་ལམ་དུ་བཀོད་པའི་གཟུགས་དབྱིབས་དྭངས་མ་ཞིག་སྐབས་འདིར་གྲུབ་མི་འདུག་སྙམ།

དབྱེ་ཞིབ་ནན་ཏན་ཞིག་བྱས་ན་འཐུས་སྒོ་ཚང་བའི་མཚན་ཉིད་ཅིག་ཏུ་སྣང་མོད། འོན་ཀྱང་སོ་སོའི་འདོད་མོས་ལྟར་ཟུར་རེ་རེ་ནས་བླངས་ཏེ་རྩོམ་རིག་གི་མཚན་ཉིད་ཅིག་ཏུ་གྲུབ་པ་ལ། དཔེར་ན། རྩོམ་རིག་ཅེས་པ་ནི། (སྐྱེས་བུ་ངག་གི་རྣམ་པ་རིག་བྱེད་ཀྱི་སྒྲ་ཡིན་པ་གང་ཞིག  སྤྱི་ཚོགས་འཚོ་བའི་ཁྲོད་དུ་དགའ་སྐྱོ་ཆགས་སྡང་གི་རྣམ་འགྱུར་ལ་བརྟེན་ནས་ངག་གིས་བརྗོད་པ་དང་། སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་དམིགས་བསལ་ཅན་རྣམས་ཚིག་ཕྲེང་གི་ལམ་དུ་བསྐྲུན་ནས་གཏན་ཆགས་ཀྱི་རྣམ་པ་ཞིག་ལ་རྩོམ་རིག་ཅེས་བརྗོད་ན་ཆོག་སྙམ་མོ།།)

ཟུར་དང་པོའི་ནང་དུ་ཕྱི་སྣོད་བཅུད་ཀྱི་འཇིག་རྟེན་ལ་བརྟེན་ནས་གཟུགས་དབྱིབས་བཀོད་པའི་རང་བྱུང་ཁོར་ཡུག་དང་། ནང་བཅུད་ཀྱི་འགྲོ་བ་མིའི་བསམ་བློའི་འཆར་སྒོ་ལ་བརྟེན་ནས་ནང་སེམས་སུ་ཚོར་འདུ་དྲག་ཞན་ལས་དགའ་སྐྱོ་ཆགས་སྡང་ངེས་མེད་ཅི་རིགས་ཤིག་ལུས་ངག་གི་རྣམ་འགྱུར་ལས་ཐོན་པའི་གཞན་ཕ་རོལ་པོ་ལ་གོ་བར་བྱེད་ནུས་པའི་བརྡ་ཞིག་ལ་ངག་ཐོག་གི་རྩོམ་རིག་ཟེར་ན་ཆོག་མོད། འོན་ཀྱང་ལབ་གླེང་དང་།སྒྲུང་གཏམ།ལ་གཞས། གླུ་གཞས། མགུར་གླུ་སོགས་ངག་ནས་ཐོན་པའི་དབྱངས་འགྲོས་མཐའ་དག་ངག་ཐོག་གི་རྩོམ་རིག་ཅིག་ལ་ཟེར་ཆོག་ལ། ཟུར་གཉིས་པར་གོང་དུ་བཤད་པ་དེ་ཉིད་གོ་རིམ་ལྡན་པ་དང་སྒྲིག་བཀོད་ལེགས་པའི་ཐོག་རི་མོའི་དབྱིབས་སུ་བཀོད་པ་ལ་ཡིག་ཐོག་རྩོམ་རིག་ཟེར་ན་ཆོག་སྙམ་མོ།།

དེ་དག་ལ་ཚིགས་བཅད་དང་། ཚིག་ལྷུག  སྤེལ་མ་ཟེར་བ་དང་། དེ་བཞིན་སྙན་རྩོམ་དང་། འབོལ་རྩོམ། སྒྲུང་རྩོམ། ཟློས་གར་སོགས་ཅི་རིགས་ཤིག་ཡོད། མདོར་ན་རྩོམ་རིག་ཅེས་པ་ནི་བློ་ཡི་འཆར་སྒོ་སྔོན་དུ་བཏང་སྟེ་སྙུག་རྩེ་ནས་བསྒྱུར་བའི་ཡིག་ཐོག་ཏུ་བཀོད་པ་ཁོ་ན་ལ་གོ་མི་དགོས་ཤིང་། སྒྱུ་རྩལ་དང་ལྡན་པའི་སྒོ་ནས་ངག་གི་བསྡུས་པའི་རྩོམ་རིག་ཀྱང་ཡོད་པའོ།།

མཇུག་གཏམ།

སྤྱིར་བཏང་རྩོམ་རིག་ནི་བརྗོད་བྱ་གཏིང་ཟབ་ལ་རྒྱ་ཆེ་བའི་རིགས་པའི་གཞུང་ལུགས་ཀྱིས་གཏན་ལ་ཕབ་པ་ཞིག་ཡིན་པ་མ་ཚད།བླུན་རྨོངས་བདག་ལ་རྣམ་དཔྱོད་ཀྱི་ཤེས་རབ་དང་སྦྱངས་བའི་བརྩོན་འགྲུས་སོགས་མེད་པའི་རྐྱེན་གྱིས་གཏིང་ཟབ་རྒྱ་མཚོའི་ནང་ལག་པས་དཀྲུག་པ་ལྟར་གཞན་ཅི་ཡང་མ་མཆིས།ཡིན་ནའང་བཀའ་དྲིན་ཆེ་བའི་དགེན་མེ་འོད་མཆོག་གི་རྩོམ་རིག་ནང་སྦྱོང་སྐུལ་མ་བྱས་པར་བརྟེན་ནས་རྩོམ་རིག་ནང་གི་ཆ་ཤས་ཤིག་ཟུར་དུ་འདེམས་ཏེ་རང་ནུས་གང་ཡོད་ཀྱིས་དཔྱད་པའི་ཁུལ་ཡིན་ལ།གོང་དུ་རྩོམ་རིག་གི་མཚན་ཉིད་འདི་དག་དཔྱད་གཞིའི་ཚུལ་དུ་བཀོད་པ་དང་། རྩོམ་རིག་གི་དེབ་ཕྲེང་མང་པོ་ཞིག་བསྔོགས་བཤེར་བྱས་པའི་ཁྲོད་ནས་མཚན་ཉིད་འགའ་ཤས་ཟུར་དུ་བདམས་ཡོད། ཡིན་ནའང་རྒྱ་ཆེ་བའི་རྩོམ་རིག་གི་གཞུང་ལུགས་འགའ་ཤས་དཔྱིས་ཕྱིན་པ་ཞིག་གོ་བ་མི་རག་པས་ཧམ་སེམས་ཀྱིས་འགྲེལ་བརྗོད་མང་མོ་ཞིག་བྱས་ཡོད་པ་སྨོས་ཅི་དགོས། འོན་ཀྱང་གོ་བ་རག་རིམ་རག་པ་དག་འགྲེལ་བརྗོད་བྱས་པ་དང་། མཚན་ཉིད་རེ་རེ་བཞིན་གཤིབ་བསྡུར་བྱས་པའི་ཁུལ་ཡིན་ལ། འདི་དག་གི་ཁྲོད་ནས་མ་འགྲིག་པ་དང་ནོར་བ་སོགས་ཡོད་པ་སྨོས་ཅི་དགོས། གཟུར་གནས་ཤེས་ལྡན་པ་དག་གིས་གྱི་ན་བ་བདག་གི་རྨོངས་འཆར་འདི་ལ་ཚིག་གི་སྡེབ་སྦྱོར་དང་། མ་དག་པའི་ཡིག་ནོར། ལོག་འགྲེལ་བྱས་པ་སོགས་ལ་དུས་རྟག་ཏུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་འཚལ།

 

 

  • དཔྱད་གཞི་ཡིག་ཆ་ཁག

1མཁས་དབང་ཟམ་གདོང་རིན་པོ་ཆེ།<<གསུང་རྩོམ་ཕྱོགས་སྒྲིག>>བོད་ཀྱི་གྲོས་ཚོགས་དང་སྲིད་བྱུང་ཉམས་ཞིབ་ཁང་།   ཕྱི་ལོ ༢༠༡༠ ལོར་པར་སྐྲུན་བྱས།   ཤོག་གྲངས། ༢༤༩

2 བསོད་ནམས་ཕུན་ཚོགས།<<བོད་བཙན་པོའི་དུས་སྐབས་ཀྱི་སྙམ་ཚིག་གི་ཁྱད་ཆོས།>>བོད་ཀྱི་ཡིག་རྙིང་ཞིབ་འཇུག  མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ ༢༠༠༣ལོའི་ཟླ་བ་༦པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།  ཤོག་གྲངས།༥༦༦

3 སྟག་འབུམ་རྒྱལ།<<བོད་ཀྱི་ཡིག་རྙིང་ཞིབ་འཇུག>>མི་རིགས་དཔེ་སྐྲུན་ཁང་།ཕྱི་ལོ༢༠༠༣ལོའི་ཟླ་བ་༦པར་པར་ཐེངས་དང་པོ་བར

4 རྩོམ་སྒྲིག་པ། གཅོད་པ་དོན་གྲུབ་དང་རྣམ་སྲས།<<བོད་ཀྱི་རྩོམ་རིག་ལོ་རྒྱུས།>>དེབ་ཕྲེང་དང་པོ།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།ཕྱི་ལོ་༢༠༠༩ལོར་པར་སྐྲུན་བྱས།ཤོག་གྲངས།༤

5 བཀྲ་ཤིས་ཚེ་རིང་།<<སྙན་ངག་མེ་ལོང་གི་དཀའ་གནད་འགའ་ལ་དཔྱད་པ།>>ཝ་ཎ་མཐོ་སློབ་ནས་དཔར་བསྐྲུན་བྱས།   ཕྱི་ལོ ༡༩༩༧      ཤོག་གྲངས།  ༢༧༥

6  དཔལ་དོན་རྒྱལ།<<དཔྱད་རྩོམ་ཕྱོགས་བསྒྲིགས།>>མི་རིགས་དཔེ་སྐྲུན་ཁང་།   ཕྱི་ལོ། ༡༩༩༧ ལོ་དཔར་ཐེངས་པོ། ( པོད་གསུམ་པ།)  ཤོག་གྲངས། ༡༦༥

7  ཨ་ལག་དོར་ཞི།<<སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་བཤད་སྦྱར་རྩོམ་རིག་འཇུག་སྒོ།>>  ཀན་སུའུ་ས་གཤིས་པར་ཁང་གིས་དཔར།  ཕྱི་ལོ  ༢༠༠༤  པར་ཐེངས་དང་པོ་པར།   ཤོག་གྲངས།  ༡༢

8  བསོད་ནམས་དབང་ལྡན་དང་བུ་བཞི་གཉིས།<<རྩོམ་རིག་རྣམ་བཤད།>>ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་བསྐྲུན་བྱས།   ཕྱི་ལོ་༡༩༩༩ ལོར་པར་ཐོག་མ་བཏོན།  ཤོག་གྲངས།   ༡༠༠

9 བུ་བཞི་བསམ་པའི་དོན་གྲུབ།   ཆེད་སྒྲིག་ལས།<<བོད་ཀྱི་རྩོམ་རིག་གི་མི་རིགས་རང་བཞིན་སྐོར་ཡང་བསྐྱར་གླེང་བ།>>ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།ཕྱི་ལོ༢༠༠༨ཤོག་གྲངས།༤༦

10བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།<<བོད་ཀྱི་རྩོམ་རིག་སྤྱི་བཤད།>>ནོར་བུ་གྷར་ཕིག་སི་དཔེ་སྐྲུན་ཁང་ནས་བསྐྲུན།ཕྱི་ལོ༢༠༡༤ཤོག་གྲངས།༠༣

 

ལྷ་ཆེན་གྱིས། ཕྱི་ལོ་ ༢༠༡༦ ཟླ་བ་  ༡༡  ཚེས་  ༠༡ ཉིན།

[1]ཟམ་གདོང་རིན་པོ་ཆེ།གསུང་རྩོམ་ཕྱོགས་སྒྲིགབོད་ཀྱི་གྲོས་ཚོགས་དང་སྲིད་བྱུང་ཉམས་ཞིབ་ཁང་།ཕྱི་ལོ༢༠༡༠ལོར་པར་སྐྲུན་བྱས།ཤོག་གྲངས།༢༤༩

[2]བསོད་ནམས་ཕུན་ཚོགས།  བོད་བཙན་པོའི་དུས་སྐབས་ཀྱི་སྙམ་ཚིག་གི་ཁྱད་ཆོས།  བོད་ཀྱི་ཡིག་རྙིང་ཞིབ་འཇུག  མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ ༢༠༠༣ལོའི་ཟླ་བ་༦པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།  ཤོག་གྲངས།༥༦༦

[3]ཟམ་གདོང་རིན་པོ་ཆེ།གསུང་རྩོམ་ཕྱོགས་སྒྲིགབོད་ཀྱི་གྲོས་ཚོགས་དང་སྲིད་བྱུང་ཉམས་ཞིབ་ཁང་།ཕྱི་ལོ༢༠༡༠ལོར་པར་སྐྲུན་བྱས།ཤོག་གྲངས།༢༤༩

[4]སྟག་འབུམ་རྒྱལ།  བོད་ཀྱི་ཡིག་རྙིང་ཞིབ་འཇུག  མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ ༢༠༠༣ ལོའི་ཟླ་བ་༦ པར་པར་ཐེངས་དང་པོ་བར

[5]རྩོམ་སྒྲིག་པ། གཅོད་པ་དོན་གྲུབ་དང་རྣམ་སྲས།བོད་ཀྱི་རྕོམ་རིག་ལོ་རྒྱུས།   དེབ་ཕྲེང་དང་པོ།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༩ ལོར་པར་སྐྲུན་བྱས། ཤོག་གྲངས། ༤

[6]ཟམ་གདོང་རིན་པོ་ཆེ།གསུང་རྩོམ་ཕྱོགས་སྒྲིགབོད་ཀྱི་གྲོས་ཚོགས་དང་སྲིད་བྱུང་ཉམས་ཞིབ་ཁང་།ཕྱི་ལོ༢༠༡༠ལོར་པར་སྐྲུན་བྱས།ཤོག་གྲངས།༢༤༡

[7]བཀྲ་ཤིས་ཚེ་རིང་།  སྙན་ངག་མེ་ལོང་གི་དཀའ་གནད་འགའ་ལ་དཔྱད་པ།  ཝ་ཎ་མཐོ་སློབ་ནས་དཔར་བསྐྲུན་བྱས།   ཕྱི་ལོ ༡༩༩༧ ཤོག་གྲངས།  ༢༧༥

[8]ཟམ་གདོང་རིན་པོ་ཆེ།གསུང་རྩོམ་ཕྱོགས་སྒྲིགབོད་ཀྱི་གྲོས་ཚོགས་དང་སྲིད་བྱུང་ཉམས་ཞིབ་ཁང་།ཕྱི་ལོ༢༠༡༠ལོར་པར་སྐྲུན་བྱས།ཤོག་གྲངས།༢༤༡

[9]དཔལ་དོན་རྒྱལ།  དཔྱད་རྩོམ་ཕྱོགས་བསྒྲིགས།   མི་རིགས་དཔེ་སྐྲུན་ཁང་།   ཕྱི་ལོ། ༡༩༩༧ ལོ་དཔར་ཐེངས་པོ། ( པོད་གསུམ་པ།)  ཤོག་གྲངས། ༡༦༥

[10]དཔལ་དོན་རྒྱལ།དཔྱད་རྩོམ་ཕྱོགས་བསྒྲིགས།མི་རིགས་དཔེ་སྐྲུན་ཁང་།ཕྱི་ལོ།༡༩༩༧ལོ་དཔར་ཐེངས་པོ། ( པོད་གསུམ་པ།)  ཤོག་གྲངས།༡༦༦

[11]ཨ་ལག་དོར་ཞི།  སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་བཤད་སྦྱར་རྩོམ་རིག་འཇུག་སྒོ།  ཀན་སུའུ་ས་གཤིས་པར་ཁང་གིས་དཔར།  ཕྱི་ལོ  ༢༠༠༤  པར་ཐེངས་དང་པོ་པར།   ཤོག་གྲངས།  ༡༢

[12]བསོད་ནམས་དབང་ལྡན་དང་བུ་བཞི་གཉིས།  རྩོམ་རིག་རྣམ་བཤད།  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་བསྐྲུན་བྱས།   ཕྱི་ལོ་༡༩༩༩ ལོར་པར་ཐོག་མ་བཏོན།  ཤོག་གྲངས།   ༡༠༠

[13]བུ་བཞི་བསམ་པའི་དོན་གྲུབ།ཆེད་སྒྲིག་ལས།མིག་སྔར་གྱི་ཞིབ་འཇུག་བྱེད་སྟངས་དང་རྡོམ་ཚིགས་སྐོར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། ཕྱི་ལོ ༢༠༠༨ ཤོག་གྲངས། ༤༢

[14]བུ་བཞི་བསམ་པའི་དོན་གྲུབ།   ཆེད་སྒྲིག་ལས།  བོད་ཀྱི་རྩོམ་རིག་གི་མི་རིགས་རང་བཞིན་སྐོར་ཡང་བསྐྱར་གླེང་བ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།ཕྱི་ལོ༢༠༠༨ཤོག་གྲངས། ༤༦

[15]བཀྲ་ཤིས་ཚེ་རིང་།སྙན་ངག་མེ་ལོང་གི་དཀའ་གནད་འགའ་ལ་དཔྱད་པ།ཝ་ཎ་མཐོ་སློབ་ནས་དཔར་བསྐྲུན་བྱས།ཕྱི་ལོ༡༩༩༧ཤོག་གྲངས།༡༤༩

[16]བསོད་ནམས་དབང་ལྡན་དང་བུ་བཞི།  རྩོམ་རིག་རྣམ་བཤད།  ཀྲུང་གོའོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།  ཕྱི་ལོ ༡༩༩༦  ཤོག་གྲངས། ༩༩

[17]བཀྲ་ཤིས་ཚེ་རིང་།སྙན་ངག་མེ་ལོང་གི་དཀའ་གནད་འགའ་ལ་དཔྱད་པ།ཝ་ཎ་མཐོ་སློབ་ནས་དཔར་བསྐྲུན་བྱས།ཕྱི་ལོ༡༩༩༧ཤོག་གྲངས།༡༤༨

[18]བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།  བོད་ཀྱི་རྩོམ་རིག་སྤྱི་བཤད།  ནོར་བུ་གྷར་ཕིག་སི་དཔེ་སྐྲུན་ཁང་ནས་བསྐྲུན།  ཕྱི་ལོ  ༢༠༡༤   ཤོག་གྲངས།  ༠༣

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *