ནོར་གླིང་མཐོ་སློབ་ཀྱི་སྙན་ངག་ཆེད་བཀོད།

རྩོམ་ཡིག་འདི་ཐེངས་ 2643 བཀླགས་འདུག

༈ ཕྱི་དྲོ།

 

ནོར་གླིང་མཐོ་སློབ།  གཅེར་བུ་པ།

རྣང་ཞིང་ལྗང་བུས་དགུན་ཉི་བག་ཙམ་གྱོན།།

ལ་ཡི་སྒང་ཟུར་དུ་སྨུག་སྔོ་སྐྱ་ལིང་།།

ནགས་ཚལ་རྩེ་ནས་རྩེ་རུ་སྡོམ་རྒྱ་འདེབས།།

ཉི་མ་ནུབ་ནས་ཤར་ཞིང་གྲིབ་མ་དག།

བོངས་ཚད་ཆེ་རུ་ཕྱིན་ཅིང་རླུང་བུ་གྲང་།།

རྒོངས་ཀ་མང་པོ་འདི་ནས་བུད་ཤུལ་དུ།།

ཞག་སྨད་ཅིག་གི་ནུབ་ཆུ་སྐོལ་མགོ་བརྩམས།།

 

ཕྱི་དྲོར་ཕར་ཚུར་འཕུར་བའི་སྐུ་མགྲོན་རྣམས།།

“བཞུགས་”དང་”ཕེབས་”བཅས་ཞེ་སས་སྐྱེལ་བ་དང་།།

མིག་མདུན་རྙིད་པའི་མེ་ཏོག་འདབ་མའི་སྟེང་།།

རླུང་གིས་གཙུབས་པའི་ཚེ་ཡི་རྡུལ་དག་ཐོར།།

དུས་ཚོད་ཟད་པོས་བཟོས་པའི་ཤོག་བུ་ངོར།།

རྟེན་འབྲེལ་སྨོན་ཚིག་ཙམ་ཡང་མི་འབྲི་སྟེ།།

ལས་འཕྲོ་ཟེར་བ་མི་ཡི་ཁ་གཡང་རེད།།

 

༈ གྲོང་གསེབ་ཀྱི་སྐུ་ཉིད།

 

ང་ནི་དགུང་གི་འཇའ་ཡི་ཟོལ་གྱིས་ཏེ།།

མཛེས་ཀྱང་ཟིན་དུ་མེད་པ་དེ་རང་ཡིན།།

ཀ་ཡེ་ཁྱེད་ཉིད་དལ་གྱིས་འཕུར་ཤོག་དང་།།

བྱ་ལམ་གོང་མ་ད་ཚོད་སྟོང་པར་སྣང་།།

 

ནུབ་ནུབ་རེ་བཞིན་གྲོང་མཐར་ཉུལ་བའི་ཁྲོད།།

རྡོག་སྒྲ་ཆིག་རྐྱང་སུན་སྣང་ལྷན་དུ་གྲགས།།

ཁང་རྩེག་རེ་ཡི་གྲིབ་ཡོལ་བརྒལ་བའི་མཐར།།

གློག་སྒྲོན་ལ་ལ་གཟིམས་ཤིང་ཕལ་ཆེར་འབར།།

 

སྡེ་མཐའི་ཁྱི་དག་གློ་བུར་འུར་གྱིས་ཟུག།

མི་རྣམས་གཉིད་ཐུན་བཟླས་པའི་བར་གླགས་དེར།།

རྨི་ལམ་གཏིང་ནས་དཀྲོག་པའི་ཆོ་འཕྲུལ་ལ།།

ཁོང་འཁྲོ་ལང་ཞིང་སླར་ཡང་གཉིད་ལ་སྲེད།།

 

དུས་ཚོད་འདི་འདྲ་མང་དུ་ཕུད་པའི་མཐར།།

སྨག་གི་འཇིགས་པའི་ཀློང་ན་འཁྱོམ་པ་ཡི།།

སྤྲུལ་པའི་མི་ཚོགས་བྱེ་བ་ཕྲག་བརྒྱ་ཡང་།།

སྐར་མའི་མིག་ལ་འཁྲི་སྟེ་སྐོར་བ་བྱེད།།

 

ཉིན་མོ་ཕལ་ཆེར་གཟུགས་ལ་གཡེང་བས་ན།།

ད་ཆའི་དུས་འདི་ཧ་ཅང་སིམ་སྣང་སྐྱེ།།

འདི་དང་ཕ་མཐའ་མེད་པའི་གཞན་དག་ཀྱང་།།

ཀུ་རེ་རྩེ་བཞིན་མཉམ་དུ་སྤྱོད་པར་བྱ།།

སྤྱི་ལོ་༢༠༡༧ ཟླ ༡ ཚེས ༢༨ ཉིན།

 

༈ཐང་དཀར་རྒོད་པོ།

ནོར་གླིང་མཐོ་སློབ།  ཤར་སྐྱ་རེངས།

མཚན་མོའི་མུན་ནག་གྱོན་པའི་ངོ་གདོང

སྐར་ཚོགས་ཀྱི་མིག་ཆུ་རུམ་པའི་གངས་རི

དགུན་རླུང་གི་གྲང་ཁ་བཙན་པས

སེལ་བུར་འཐོར་བཞིན་པའི་ཟླ་བའི་རུས་རྐང

ངའི་བྲང་གཞུང་ལ་རྦབ་རྡོ་བཞིན་འགྲིལ་ཞིང

ལྗིད་ཏིག་གེར་མནན་སོང

 

སྒེའུ་ཁུང་མེད་པའི་ནམ་མཁའ་ནག་པོ་དེར

དོར་མ་བོར་བའི་བྱིས་པ་གཅེར་བུ་དག་གི

ཉམ་ཆུང་བའི་ངུ་སྐད་དེ་རྒྱང་རིང་ནས་ཐོས་ཡོང་ལ

བརྒྱད་ཅུའི་ལག་ཟུང་རིད་པོ་ཞིག་གིས་ཀྱང

ཉི་ཟེར་ལ་ལག་སྙོབ་བགྱི་བཞིན ནམ་ལངས་བའི་སྐྱ་རེངས་ལ་བསྒུག་འདུག

 

ན་བུན་གྱི་ཕར་མཐའ་ན་ལྡིང་སྐོར་བརྒྱག་པའི

ཐང་དཀར་དང་ཐང་སྨུག་ཁྱུ་ཞིག

ཨ་ཕས་དེ་ཚོ་འུ་ཚང་གི་རྒོད་རེད་ཟེར

ཨ་མས་ཁོ་ཚོས་ཉི་འོད་ཀྱི་ཁ་དོག་མཐོང་ཡོོད་ཟེར

ད་དུང་ཁོ་ཚོས

 

༈འབྲི་ཆུའི་ཁ་ཡི་བྲལ་གདུང་།

 

ནོར་གླིང་མཐོ་སློབ།  ཐང་ནག

༡ ཁྲི་པེའི་གཡུལ་འགྱེད་ཅེས་པའི་བོད་སྐད་གློག་བརྙན་བལྟས་དུས་བཏུས་པའི་ཚོར་སྣང་།

སྨུག་སྤྲིན་སྐྱ་བོ་འབྲི་ཆུའི་གཞུང་ན་འཁྱིལ།།

ཤིང་གྲུ་ཁེར་རྐྱང་བྲལ་གདུང་ཀློང་ལ་འགུལ།།

གྱེས་བརྡའི་ཁ་ཆེམས་འཁུར་བའི་ཤོག་ལྷེ་དག།

མིག་ཆུའི་འོག་ནས་གྲང་འདར་ལྷབ་ལྷུབ་གཡོ།།

 

གྲི་རྩལ་རོལ་དབྱངས་གློ་བུར་གང་དུ་ཡལ།།

གཟིམ་ཤག་སྟོང་པས་སུ་ཞིག་དྲན་པ་བྱེད།།

བརྩེ་བས་བཞག་པའི་ལས་ཀྱི་བག་ཆགས་ཀྱིས།།

ཀྲོའུ་ཡུས་མིག་ལ་སུ་ཡི་ཞལ་རས་འཁོར།།

 

བརྒྱངས་དཀྲོལ༡་རྒྱུད་སྐུད་སྐྱོ་བའི་དཀྱིལ་ལ་འདར།།

བརྩེ་བའི་དབྱངས་རྟ་བསྐལ་པའི་བྲག་ལས་མཆེད།།

བདེན་པའི་གཤིས་ཀྱིས་བཞེངས་པའི་ཡིད་ཀྱི་བརྙན།།

སྲུབ་མེད་རིས་སུ་སུ་ཡི་ཡིད་ལ་འཆར།།

 

ལྗང་ལྭ་གྱོན་པའི་རྩི་ཤིང་སྣ་ཚོགས་ཀྱང་།།

སེམས་གཅོང་ནད་ཀྱིས་གདུང་བས་མནར་རམ་ཅི།།

ཀྲོའུ་ཡུས་མདུན་ནས་འགོ་ལྕོག་དུད་དུད་ཀྱིས།།

འཁོར་བའི་འདུ་འབྲལ་མངོན་པར་གསལ་བར་བྱས།།

མཆན།

༡དབྱིན་སྐད་དུ་zitherཛི་ཐཱར་ཞེས་པའི་རོལ་ཆ་དེའི་མིང་།

 

༈ལོ་མཇུག

ནོར་གླིང་མཐོ་སློབ། དཔའ་སར།

ལོ་མཇུག་འདིར

སྐྱེ་བ་འདིར

 

ང་ཡི་ཆགས་སྡང་མཐའ་དག

མེ་ལྕེ་ལྟར་མཆེད་ཡོང་དུས

ཁྱེད་ཚོས་བྱམས་སེམས་ཁོ་ན་གླེང་དོན

སུ་ཡི་དོན་དུ་ཡིན་པ་སུ་ལ་གསལ

2017/1/4ཉིན་གྲུབ།

༈ལམ་གྱི་ཕར་ནང་།

ལམ་གྱི་ཕར་ནང་ན

རི་ལ་འཁོར་བའི་སྨུག་པ་གྱ་གྱུ་ཞིག

ལམ་གྱི་ཕར་ནང་ན དབྱངས་ལ་འཐིམ་པའི་གླུ་སྐད་གསོན་པོ་ཞིག

ལམ་གྱི་ཕར་ནང་ན ཕ་ཡུལ་ལྟར་ཡངས་བའི་རྩ་ཐང་ཆེན་པོ་ཞིག

2016/12/23ཉིན་གྲུབ།

 

༈སྐུ་དྲག་དང་བོང་བུ་མཉམ་དུ་བཀླགས་པ།

 

<<བོད་གཞུང་དང་བོད་ཀྱི་སྐུ་དྲག>> ཞེས་བ་བཀླགས་པའི་འཆར་སྣང་།

ནོར་གླིང་མཐོ་སློབ།   སྟོབས་རྒྱལ།

ལྷ་ལྕམ་ཚོས་བཏབ་པའི་ལྡུམ་ར་ཆུང་ཆུང་ནང་།

ལྟ་སྟངས་གཅིག་གིས་གཡུ་སྦྲང་ཅལ་སེར་བཏང་།

མདའ་གཞུ་མངོན་ཆུང་འདོགས་མཁན་ཁྱི་ར་དག

ལྭ་རིང་ནང་ནས་ཡང་སྲིད་ཡང་སྲིད་འབུར།

གཉའ་བ་ཐེལ་ཙེ་འདྲ་བོས་གཞན་སྟེང་བརྫི།

ད་ལྟ་བདག་གིས་ཀློག་པའི་དེབ་ཆུང་འདིའི།

 

ཉིན་སྲིབ་བར་གྱི་ཁ་ཞེང་འདོམ་བཅུའི་ནང་།

ལྷ་སའི་གཙང་བོའི་ཕར་རོལ་ཚུར་རོལ་ན།

བརྔན་པར་བསྒུག་པའི་གཞིས་ཀའི་ཁང་མིག་དང་།

རྒྱུན་དུ་གླིང་ཀ་གཏོང་བའི་སྐུ་དྲག་ཚོས།

བོང་བུ་བཞོན་པའི་གྲིབ་གཟུགས་མགོ་མདོངས་དག

ལྷ་སའི་མཐིལ་ལ་ཡང་དཔར་ཡང་ནོག་ཡིན།

 

ཤོག་ངོས་གཅིག་གི་ཞབས་རྗེས་བདུན་པོ་དེ།

ཇི་ལྟར་ཀློག་ན་དབྱངས་དང་གསལ་བྱེད་དག

སྐུ་དྲག་དག་གི་སྒོ་ཟོག་ཉལ་སྟངས་ཡིན།

ལྷག་མའི་ན་རོ་ནོར་གྱི་ཁུག་མའི་ནང་།

ཅིག་ཅིག་ཅིག་གི་ལྟེབ་ཁུག་གཉེར་བ་དེ།

རྩ་དོན་ཡིན་ནམ་ཅི་ཞིག་ཀློག་སྟངས་ཡིན།

 

ད་དུང་གཡུ་ཐོག་ཟམ་པའི་ཟླུམ་གཟུགས་སྟེང་།

བོང་རྔ་རས་ཀྱིས་མདུད་པའི་སྣེ་མོ་དང་།

གདོང་རྩ་ཤིན་ཏུ་དམར་བའི་སྒམ་ཚུགས་ཀྱིས།

སྐད་ཆ་ཉུང་ཉུང་ཞིག་ལས་མ་མཆིད་ཀྱང་།

གཡོག་ངན་བུ་ལོན་ཅན་གྱི་མིང་ཡིག་སྟེང་།

ལ་ཆའི་སྟེང་ལ་ཐེལ་ཙེ་ཡང་དཔར་བྱས།

 

ག་ལེར་ལྟོས་དང་འདི་དག་གང་ལ་འགྲོ།

སྣུམ་ལམ་གཏན་ནས་མི་མཁོ་ཟེར་མཁན་དག

པོ་ཏཱ་ལ་ཡི་སྐེས་འཛེགས་ཞིག་རོ་ན།

བོང་བུ་བཞོན་པའི་སྤྲེའུ་གཟུགས་ཉམས་ཅན་གྱིས།

སྐབས་རེར་ལྷ་སྒྲུང་འབུད་ཀྱིན་མགྱོགས་འགྲོས་བྱེད།

ལན་རེར་གླིང་བུ་བཅག་ནས་ཕྱིར་ལྟོས་བྱེད།

 

ལྷ་མདུན་བོང་བུ་བཞོན་ནས་འགྲོ་ཕོད་པས།

ཐག་ཉེ་ཞིག་ལ་སོང་བ་ཡིན་ནམ་ཅི།

གྲོས་ཁ་འདུར་རྒྱུགས་ཙམ་གྱིས་བྱེད་ཤེས་བ།

གཏན་ནས་གང་ལ་སླེབས་མྱོང་མེད་དམ་འཚེར།

ཕྱག་ཡས་ག་ལེར་མགོ་ལ་འཁྱེར་སྟངས་འདིས།

བཟང་ངན་ཅི་ཞིག་བསྒྲུབ་ཡོད་ནམ་ཞིག་ཤེས།

 

སྒམ་ཆུང་ཞིག་ལ་རྡོག་པ་གཏད་ཐེངས་རེར།

དམིགས་པ་ཅུང་ཟད་ཙམ་ཡང་མི་འཆོལ་ཞིང་།

སྡེ་ཆེན་ཞིག་ལ་ཨ་ལན་སྟེར་ཁ་མར།

བུད་མེད་འཆལ་མོ་ཞིག་གིས་འཇུ་སླ་བ།

བོང་བུ་ཞོན་མཁན་དག་གི་རུམ་ཁ་ན།

བརྩེ་བ་མར་ལོ་འདྲ་ཞིག་ཞུ་བཞིན་ཡོད།

༈ གྱེས་ཁའི་སེམས་པ།

 

ནོར་གླིང་མཐོ་སློབ། བདེ་ཆེན།

སྟོན་ཀའི་ཟླ་བ་དེ་ནི་སྒོར་ལ་དཀར་མདངས་རྒྱས།

སྟོན་གྱི་མཚན་གཞུང་དེ་ཡང་།

སྤྲོ་སྐྱིད་ལྡན་ཞིང་ཚ་དྲོད་སྙོམས།

 

དོ་ནུབ། ཁུ་སིམ་པའི་ཟླ་འོད་ཀྱི་འོག་ཏུ།

སྒོ་འགྲམ་གྱི་ཁྱི་རྒན་དང་ལྷན་དུ།

ཁྱོད་རང་ཕྱིར་ལོག་པར་རེ་སྒུག་བྱེད་བཞིན་ཡོད།

 

ཁ་སང་ཞི་འཇམ་དགོད་སྒྲས་ཁེངས་པའི་ཁྱིམ་གཞི་འདི་ནས།

ཁྱོད་རྒྱང་རིང་གི་ཡུལ་དུ་ཆས། ཁྱོད་འགྲོ་བའི་དུས་སུ།

ངས་ཁྱོད་ཀྱི་མགོ་སྤྱི་གཙུག་ནས་མཇུག་རྐང་མཐིལ་བར།

ཞིབ་མོ་ཞིག་ལྐོག་ནས་བལྟས་པ་ཡིན།

 

དེ་དག་གི་ཁྲོད་ནས།

ངའི་སེམས་སུ་བརྗོད་མི་ཕོད་པའི་སྐྱོ་སྣང་ཞིག་ངང་གིས་འཕེལ།

ཁྱོད་ཀྱི་ངོ་གདོང་ལས་བཅོས་མིན་གྱི་མཛུམ་མདངས་ཤིག་མངོན་ཡང།

དོན་དངོས་སུ་གྱེས་ཁའི་བློ་ཕམ་ཞིག་གིས་ཁེངས་ཡོད་པར་ངེས།

 

འོན་ཀྱང། ངས་རང་ནུས་ཡོད་ཚད་ཀྱིས།

ཁྱེད་ལ་ལེགས་པའི་སྐད་ཆ་དང་དགའ་བའི་སྐད་ཅོ་གླེང་ན་ཡང་།

དོན་དམ་དུ་ངའི་དམར་ཆུང་སྙིང་དབུས་སུ།

བཟོད་དཀའ་བའི་གྱེས་ཁའི་སྐྱོ་སྡུག་དེ།

ཁྱོད་དང་ལྷན་དུ་ཡལ་ན་བསམས།

༢༠༡༧/༠༢/༠༢ཉིན།

 

༈ཐོལ་བྱུང་།

ནོར་གླིང་མཐོ་སློབ།  ལི་ཐང་དབྱིག་གཉེན།

འདི་ན་ས་ཆུ་འཕྲོད་སྟངས་ལ།།

སྟོང་དང་རྟེན་འབྱུང་འཕྲད་ཚུལ་ཡིན།།

སྒྱུ་མའི་རྨི་ལམ་ཁུར་བ་ཡིས།།

སྒལ་པ་འཇའ་དང་སྤྲིན་ལ་འདལ།།

ཡི་གེ་རྨི་ལམ་ནང་དུ་འོང་། །

ལས་ཀྱང་རྨི་ལམ་ནང་དུ་འོང་།།

སྙིང་རྗེ་རང་གི་ངོ་ལ་ཚེས།།

གྲིབ་མ་རང་གི་རྒྱབ་ཏུ་འཐུལ།།

དོ་ནུབ་མུན་པའི་ཕར་ཚུར་རུ།།

རྒྱ་གར་ཡུལ་ན་སྡུག་བསྔལ་འཕྱན།།

མི་དང་སྒོར་མོ་འཐབ་པའི་བར།།

དངུལ་ཁང་ངུ་བའི་མཆི་མ་བྱོ།།

༢༠༡༦_༡༡_༡༤ཉིན།

 

༈ལས།

ལས་ཀྱི་གྲིབ་ནག་འབྱར་བའི་ཁང་ཆུང་དུ།།

མུན་པའི་ངོགས་སུ་སྐར་མའི་ཤ་རྩ་དོད།།

ཟླ་བ་འདི་ཀར་བར་ཐག་བཀྱེད་པ་ཡིས།།

གོས་ཀྱི་དྲི་མས་ལས་འདིར་ཡང་ཡང་བྲབས།།

 

རྡུལ་ཕྲན་བྱེ་བ་འཐོར་བའི་རྨི་ལམ་དུ།།

གཏི་མུག་རེ་རེ་ཟོ་ཆུན་བཞིན་དུ་འཁོར།།

བདེ་སྡུག་ཅི་རིགས་བྱོ་བའི་མལ་སྟན་ལ།།

གླེགས་བམ་སྐུད་ཐག་རེ་རེ་ཆད་སྙམ་བྱེད།།

 

ངོ་སོ་སྙི་བའི་མུན་ཁམས་ཨ་ཙ་མས།།

ཕུཊ་བསམ་གཙབས་པའི་ལོ་འདབ་ག་རེ་དཔྱོང་།།

ནམ་ཞིག་མི་ཡུལ་ཧྲིལ་པོ་རྫོགས་པ་ཡིས།།

ང་ཡི་སྒོ་ཡོལ་ཐག་ཐག་བརྡུང་འོང་སྙམ།།

 

ཚེ་སྲོག་ཡག་པའི་སྐལ་བ་འདི་ཙམ་ལ།།

མིག་ཆུའི་ཧོབ་ཆ་ཁང་ཆུང་ནང་དུ་འཕྱན།།

ད་ནི་ལུས་ལ་རྔུལ་ཆུ་སེར་པོ་བབས།།

ལས་ལ་ཚད་ཅིག་མེད་པར་འདི་ག་རེ།།

༢༠༡༦_༡༢_༡༣ནུབ་མོར་གྲུབ།

 

༈ཡུལ་སྡེ་དྲན་པ།

ནོར་གླིང་མཐོ་སློབ།  མེ་ཟླུམ།

རི་སྒང་སྨུག་པ་བྲེལ་བ་ཆེ་ཆེ་ངང་།།

བུ་ངའི་སེམས་པ་འདི་ཡང་གཅོང་གཅོང་ཞིག།

 

ནམ་ཟླ་རྒས་ཀྱིན་ཉི་འོད་ངུ་བཞིན་དུ།།

ཡུད་ཙམ་རྗེས་ནས་ང་ཡང་ངུ་བར་བྱ།།

 

རླུང་བུ་འུར་འུར་ལྡང་བའི་རི་སྡེ་ན།།

ལྗང་ཤིང་མེ་ཏོག་འཁོར་བའི་ཁམས་ནས་ཡལ།།

 

སྨུག་པའི་གསེབ་ཀྱི་ཉི་འོད་ཧྲིལ་བོའི་ཁྲོད།།

བུ་ང་ངུ་བཞིན་ཡུལ་སྡེ་དྲན་གཞས་ཤོར།།

 

ཁྲུང་དཀར་མ་བུ་མཉམ་འཛོམས་ཡིན་ན་ཡང་།།

རྒྱང་རིང་ཡུལ་གྱི་མཚན་མོ་སྔ་ལྟར་ངུས།།

 

རྒྱ་མཚོའི་ངོས་ཀྱི་ཟླ་འོད་ཡལ་བས་ན།།

མཚོ་ཁའི་ཉ་རྣམས་རླབས་ཀྱིས་མཐའ་འདིར་ལྷུང་།།

 

སྔོན་བསགས་ལས་ཀྱིས་བཀོད་པ་ཡིན་ཡང་སྲིད།།

ས་མཐའི་འཚོ་བར་རྡུགས་ཀྱང་རོལ་དགོས་སོང་།།

 

དགུན་གྱི་གཞུང་ལམ་སྟེང་གི་ཁ་བ་ལ།།

ངུ་མ་དགོད་ཀྱིས་སེམས་འཕྲིན་འདི་ལྟར་བྲིས།།

2017/1/31ཉིན་བྲིས།

 

༈ཨ་མ་དྲན་གླུ།

 

ནོར་གླིང་མཐོ་སློབ། ནོར་སྲས།

སྐྱིད་པའི་ཕ་ཡུལ་གངས་ལྗོངས་བཙོན་རྭ་བཞིན་དོར་ཏེ།།

རྒྱུས་མེད་ས་ཕྱོགས་གཞན་དུ་རི་དྭགས་བཞིན་འཁྱམས་པའི།།

འཇོན་མེད་བུ་ངས་རྒྱང་རིང་ཕ་མཐའ་ཡི་སྣེ་ན།།

ཨ་མ་དྲན་པའི་མིག་ཆུ་གཱང་ག་ལ་འདྲེས་ཐལ།།

 

སྐུད་མེད་ཁ་པར་ཁྲོད་ཀྱི་གསུང་སྐད་ལ་གཞིགས་ན།།

སྐད་འཕྲིན་བརྒྱུད་ནས་འབྱོར་བའི་སྐུ་པར་ལ་བལྟས་ན།།

སྐྲ་འདབས་དཀར་པོ་ཆགས་པའི་ངང་ཚུལ་ལ་བསམ་ཚེ།།

ཨ་མར་འཁྲེང་བའི་སེམས་པ་འགོག་ཐབས་རང་མི་འདུག།

 

ཐོད་པའི་རྒས་གཉེར་ཆར་རྗེ་ཤ་མོ་བཞིན་བརྡོལ་བ།།

མདའ་ལྟར་སྲང་བའི་སྐུ་གཟུགས་གཞུ་མོ་ལྟར་འཁྱོག་པ།།

གློག་ལྟར་འཁྱུག་པའི་བདེ་མྱུར་ཡལ་བ་དེར་བསམ་ན།།

ཨ་མ་དྲན་པའི་རྟ་ཕོ་སྲབ་མེད་ལྟར་རྒོད་སོང་།།

 

མི་ཚེ་སྐྱིད་ཀྱིས་མ་བསྐྱལ་སྡུག་བསྔལ་ལ་འཐིམས་པ།།

འཚོ་བ་དྲོད་ཀྱིས་མ་བསྐྱངས་འཁྱག་རོམ་གྱིས་བསྡམས་པ།།

བུ་ལ་རེ་བའི་མི་ཟུང་རྒྱང་རིང་ལ་གཏོད་བཞིན།།

སྐྱོ་གདུང་མཆི་མས་བརླན་པའི་ཨ་མ་ཁྱོད་དྲན་གི།

 

ཆུང་དུས་ནུ་ཞོས་གསོས་པའི་བཀའ་དྲིན་དེ་དྲན་གི།

གཞོན་དུས་བསླབ་བྱས་གཉོར་བའི་རིན་ཐང་ལ་བསམ་ན།།

འཇིག་རྟེན་འདི་རུ་སློབ་དཔོན་དང་པོ་ཡི་ཡུམ་ཆེན།།

ཁྱོད་ཉིད་དྲན་པའི་གདུང་བ་རི་བོ་ལས་ལྕི་བ།།

 

ཨ་མའི་སྐུ་ཚེ་རི་རྒྱལ་ལྷུན་པོ་བཞིན་བརྟན་ཤོག།

བདག་གིས་བསགས་པའིི་དགེ་བ་དེ་ཕྱོགས་ལ་སྤྲིངས་ཡོད།།

ཨ་མར་མྱུར་དུ་མཇལ་བའི་སྐལ་བཟང་གི་དུས་སྟོན།།

མཆོག་གསུམ་བདེན་པའི་གནང་བའི་བྱིན་བརླབས་ལ་རེ་ཡོད། །

 

ཁྱོད་ཀྱིས་གནང་བའི་གཟུགས་གཞི་བདེ་ཐང་དུ་གནས་ཡོད།།

ཁྱོད་ཀྱིས་བསྩལ་བའི་བཀའ་སློབ་སྙིང་ཁུངས་ལ་བཅིངས་ཡོད།།

མ་ལོ་ཁྱོད་ཀྱི་ཐུགས་བསམ་བདེ་བོ་རུ་བཞུགས་དང་།།

ཁྱོད་ཀྱི་རེ་བའི་མདུན་མ་ཅི་ནུས་ཀྱིས་སྒྲུབ་ཡོང་།།

༢༠༡༧/༠༢/༠༡ཉིན་རང་ཤག་ཏུ།

 

༈ ང་ཡི་བླ་མ།

ནོར་གླིང་མཐོ་སློབ།  ལྷ་མོ་མཚོ་སྐྱིད།

 

ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག།

འཛམ་གླིང་འདི་རུ་སངས་རྒྱས་དངོས་སུ་ཕེབས།།

འགྲོ་བ་ཡོངས་ལ་ཆོས་དང་ཞི་བདེ་སྤེལ།།

བོད་མི་རྣམས་ཀྱི་རྟེན་ས་ཁྱེད་རང་ཡིན།།

 

བོད་མི་བྱིངས་ཀྱི་འཁོར་བའི་རྒྱ་མཚོའི་ནང་།།

རྒྱ་དམར་དམར་པོས་སྡུག་རྩུབ་དྲག་པོ་བཏང་།།

ཁོང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱིས།།

བོད་མི་སྡུག་བསྔལ་སེལ་བར་བྱིན་གྱིས་རློབས།།

 

བྱམས་བརྩེ་མཆི་བའི་སྙིང་རྫེ་ནོར་བུ་ཁྱེད།།

འཁོར་བ་འདིའི་ནང་ཆོས་འཁོར་བསྐོར་བ་ཡིས།།

བོད་མི་ཡོངས་ཀྱིས་རྩ་ཆེན་ནོར་བུ་ཡི།།

ཁྱེད་བཀའ་དྲིན་ནམ་ཡང་དྲན་པར་འོས།།

༈སེམས་ཀྱི་སྐྱེས་བུ།

ནོར་གླིང་མཐོ་སློབ།  ལྷ་མི།

བྱམས་བརྩེའི་འབྲས་བཟང་ཡིད་དུ་འོང་བའི་རྒུད། །

འབྲས་བཟང་ཐོབ་པའི་ལེགས་སྐྱེས་ངོ་མཚར་ཆེ།།

འབྲས་བུ་ཡང་དག་འགྲུབ་པར་སོ་སོའི་ལས།།

འདི་ཀར་འབད་བརྩོན་གནང་དགོས་ང་ཚོའི་འགན།།

 

བྱམས་བརྩེ་བདོག་པའི་མི་ལ་བདེ་སྐྱིད་ལྡན།།

གཞན་ཕན་ལྷག་བསམ་སེམས་ཀྱི་རྒྱན་ཆ་རེད།།

ཡ་རབས་བཟང་སྤྱོད་ལྡན་པའི་སྐྱེས་བུ་དག།

ནམ་ཡང་ང་ཡིས་མིག་དཔེ་བལྟ་ས་ཡིན།།

 

གཤིས་བཟང་བོད་ཅེས་འཛམ་གླིང་ཡོངས་ལ་གྲགས།།

འདི་ནི་བོད་པ་ཚང་གི་གཟི་བརྗིད་རེད།།

བོད་པའི་ལ་རྒྱ་ཟེར་བ་དེ་རང་རེད།།

དེ་ནི་བོད་མི་ཚང་མའི་འོས་འགན་རེད།།

༈རྒྱལ་བ་ལ་མཆོད་པ།

ནོར་གླིང་མཐོ་སློབ།  འབྲོག་མོ།

བོད་མིའི་ནོར་བུ་སྤྱན་རས་གཟིགས། །

འཛམ་གླིང་ཡོངས་ལ་བྱམས་བརྩེ་སྦྱིན།།

སྐྱེས་འགྲོ་ཡོངས་ལ་བྱིན་གྱིས་བརླབས།།

མུན་པ་གསལ་བའི་སྒྲོན་མེ་ཡིན།།

 

འགྲོ་བ་ཡོངས་ཀྱི་མགོན་པོ་མཁྱེན། །

འགྲོ་བ་ཀུན་གྱི་སྡུག་བསྔལ་སེལ།།

དམ་པའི་བཀའ་དྲིན་བླ་ན་མེད། །

གདོང་དམར་ང་ཅག་སྙིང་ལ་བཅངས།།

 

འཛམ་གླིང་ཞི་བདེའི་དེད་དཔོན་མཁྱེན།།

ཆོས་ལུགས་མཐུན་སྒྲིལ་ལག་ལྡང་སྤྲེལ།།

སྲིད་པ་ཡོངས་ལ་བདེ་སྐྱིད་སྐྲུན།།

སངས་རྒྱས་ཁྱེད་ལ་གུས་ཕྱག་འཚལ།།

2017/1/28ཉིན།

རྩོམ་སྒྲིག་འགན་ཁུར་བ།   ལི་ཐང་དབྱིག་གཉེན།

 

 

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *