བོད་རིཊ་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོཊ་བརྡ།

རྩོམ་ཡིག་འདི་ཐེངས་ 2593 བཀླགས་འདུག

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་བརྡ།

༄༅། །གནའ་དེང་ཤེས་རིག་དཔལ་གྱི་མཚོ་མོར་ཅི་དགར་རོལ་གྱིན་པའི་ས་གནས་ཁག་གི་བོད་རིགས་མཐོ་རིམ་སློབ་མའི་འགན་འཛིན་མཆོག་གི་གམ་དུ།

ཆེད་ཞུ།

ཀུན་གྱིས་མཁྱེན་མངའ་བཞིན། དེ་སྔ་སྐབས་བཅུ་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཚོགས་པའི་སྐབས་ཀུན་གྱིས་མང་མོས་བཞིན་ཚོགས་ཆེན་ཐེངས་བཅིུག་པ་སྟེ། ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དུ་འཚོགས་གཏན་ཁེལ་མོད།  འོན་ཏེ་དེ་ག་བློ་གསལ་གླིང་དུ་སྔོན་ཚུད་ནས་ཚོགས་གཏན་འཁེལ་བའི་འཇང་དགུན་ཆོས་ཆེན་མོ་ཕྱི་བསྣུར་བྱས་པའི་གནད་དོན་གྱིས་ཚོགས་གནས་མི་བརྗེ་ཐབས་མེད་གྱུར་བས་ན།
ཚོགས་ཆེན་གྱི་སྤྱི་ཁྱབ་འབྲེལ་མཐུད་པ་དང་གོ་སྒྲིག་ཚོགས་མི་རྣམས་ཀྱི་མང་མོས་བཞིན་སྐབས་བཅིུག་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཏེ་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སྤྱི་ལོ་ ༢༠༡༧ ཟླ་ ༠༢ པའི་ཚེས་ ༡༥  ནས་ ༢༡  དབར་འཚོགས་གཏན་འཁེལ་བ་ལགས་ན།    འདི་ག་གོ་སྒྲིག་མཐུན་ཚོགས་ནས་ས་གནས་ཁག་གི་བོད་རིགས་མཐོ་རིམ་སློབ་མ་རྣམས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅིུག་པར་ཚོགས་བཅར་ཡོང་བའི་རེ་སྐུལ་ཞུ་བཞིན་མཆིས། འདི་ལོའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ཉིད་སྐབས་སྔ་མ་རྣམས་ལས་གང་ལེགས་ཡོང་སླད་ཚོགས་བཅར་བའི་ས་མིག་སྔར་ལས་མང་བ་དང་། ཚོགས་བཅར་བའི་ཁྱབ་ཁོངས་སྔར་ལས་རྒྱ་ཆེར་བཏང་ཡོད་པ་མ་ཟད་སྔར་ཚོགས་ཆེན་ནང་བཅར་མ་ཐུབ་པའི་ས་གནས་ཁག་ནས་ཚོགས་བཅར་བ་གདན་ཞུས་བྱས་ཡོད། མདོར་ན་འདི་ལོའི་ཚོགས་ཆེན་ཐེངས་བཅིུས་པར་གོ་སྒྲིག་ཚོགས་ཆུང་ནས་ས་གནས་ཁག་མི་འདྲ་བ་༥༡ ནས་ཚོགས་བཅར་བ་ཁྱོན་༡༤༩  གདན་ཞུ་བྱེད་བཞིན་ཡོད་པ་ལགས་ན། ས་གནས་ཁག་གི་འགན་དབང་ཡོད་པའི་དབུ་འཛིན་རྣམ་པས་བོད་རིགས་མཐོ་རིམ་སློབ་མའི་གླེང་སྟེགས་འདི་ཉིད་གཙིགས་ཆེན་དུ་བཟུང་སྟེ་ས་གནས་སོ་སོའི་མཐུས་མི་རྣམས་ཚོགས་ཆེན་དུ་བཅར་ཐུབ་པར་འབད་འབུངས་དང་། རྒྱབ་སྐྱོར་ཅི་ནས་ཀྱང་གནང་སྐྱོང་ཡོང་བར་གསོལ་སྨོན་སྙིང་ནས་འདེབས།

ཚོགས་ཆེན་དང་འབྲེལ་བའི་གནད་དོན་འགའ།

  • སྐབས་བཅིུག་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམ་པའི་འོས་འགན་ཤོག་ངོས་༢ ནང་བཀོད་ཡོད།
  • བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་རྒྱབ་ལྗོངས་ཤོག་ངོས་ ༣ བཀོད་ཡོད།
  • ཚོགས་ཆེན་གྱི་དམིགས་ཡུལ་དང་འཆར་སྒོའི་ཟིན་ཐོ་ཤོག་ངོས་ ༤ བཀོད་ཡོད།
  • སྐབས་བཅིུག་པའི་ཚོགས་ཆེན་གྱི་རྩ་བའི་བརྗོད་གཞི་ཁག་ཤོག་ངོས་ ༥ ནས་ ༦ ནང་བཀོད་ཡོད།
  • ཚོགས་ཆེན་གྱི་ལས་རིམ་དང་ས་གནས་ཁག་གི་ཚོགས་བཅར་བའི་ས་མིག་ཤོག་ངོས་༧ ནས་༡༢ ནང་བཀོད་ཡོད།

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་གླེང་སྟེགས་འདི་ཉིད་འཐུས་སྒོ་ཚང་བ་ཞིག་དང་དོན་སྨིན་ལྡན་པའི་འབྲས་བཟང་ཡོང་སླད། ས་གནས་སོ་སོའི་འགན་དབང་ཡོད་པའི་འགན་འཛིན་དང་། སློབ་གཉེར་བ་རྣམས་ནས་རང་རང་མཐོ་སློབ་ཀྱི་སྐུ་ཚབ་མཚོན་པའི་ཚོགས་བཅར་བ་འགན་འཁྲི་ཅན་དང་། ཕུགས་བསམ་ཅན་རྣམས་འདེམས་སྒྲུག་བྱ་དགོས་པ་ཤིན་ཏུ་གལ་ཆེ་བས་དེ་ལུགས་དགོངས་འཇགས་ཡོད་པ་ཞུ།

བཅས་སྐབས་བཅུ་གཅིག་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་གོ་སྒྲིག་ཚོགས་ཆུང་ནས།

སྤྱི་ལོ་༢༠༡༧ ཟླ་༠༡ ཚེས་༢༦ ཉིན་བཟང་པོར་ཕུལ།

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅིུག་པའི་ཚོགས་བཅར་བའི་འོས་འགན།

  • ས་གནས་ཁག་གི་ཚོགས་བཅར་བ་རྣམས་ནས་སོ་སོའི་ཉམས་ཞིབ་བརྗོད་བྱའི་ཐོག་དབྱིན་བོད་གང་རུང་ཐོག་རྩོམ་ཤོག་ཅིག་འབྲི་དགོས་པ་དང་། འཕྲེད་དར་སྤྱད་ནས་གཏམ་བཤད་སྤེལ་ཆེད་(Power point )ངེས་པར་དུ་གྲ་སྒྲིག་གནང་དགོས།
  • ཚོགས་ཆེན་སོ་སོའི་ཚོགས་བཅར་བ་རྣམས་ཀྱི་འགྲོ་གྲོན་བརྒྱ་ཆ་༧༥ ཚོགས་ཆེན་གོ་སྒྲིག་པས་མཐུན་རྐྱེན་སྦྱོར་རྒྱུ་དང་གལ་ཏེ་མཐོ་སློབ་སོ་སོའི་ཚོགས་བཅར་བ་རྣམས་ཀྱི་ལམ་གྲོན་རང་ཁོངས་སྒྲིག་འཛུགས་ལ་སོགས་པས་སྤྱི་སྒེར་སུ་རུང་གིས་རོམས་རམ་བྱུང་ནའང་དེ་ལྟར་འཐུས། གལ་ཏེ་མ་དངུལ་འདང་ངེས་བྱུང་ཚེ་གོ་སྒྲིག་ཚོགས་ཆུང་ནས་འགྲོ་གྲོན་ཆ་ཚང་དབུལ་རྒྱུ་ཡིན། དེ་མིན་ལམ་གྲོན་བརྒྱ་ཆ་༢༥ ཚོགས་བཅར་བ་རང་ངོས་ནས་
    སྒྲུབ་དགོས་པ་ཡིན། དེ་ནི་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་དང་། ད་ལྟ་རང་ཉིད་ཀྱི་གནས་སྟངས་དང་མ་འོངས་པའི་མི་རབས་རྣམས་ཀྱི་མདུན་ལམ་བཟང་པོའི་ལེགས་སྐྱེས་སུ་བསམ་འོས་པ་ཞིག་ཡིན།
  • ཚོགས་བཅར་རྣམས་ནས་རང་ཉིད་མཐོ་སློབ་གཅིག་གི་སྐུ་ཚབ་ཡིན་པ་ངོས་འཛིན་གྱིས་ཚོགས་ཆེན་འདིར་ཞུགས་རྒྱུ་ལས། གནས་མཇལ་དང་སྤྲོ་འཆམ་ཕ་སྤུན་ཐུག་འཕྲད་སོགས་ཀྱི་ཁེ་ཕན་བསམ་སྟེ་བཞུགས་མི་ཆོག
  • ཚོགས་དུས་སོ་སོའི་གཏམ་བཤད་དང་། བསམ་ཚུལ་སོགས་ཅི་རིགས་ཡོད་རུང་སྤྱི་སེམས་གཙོ་བོ་བཟུང་དགོས་པ་ལས། རང་རྒྱལ་གཞན་ཕམ་གྱི་བསམ་པ་དང་། རང་ཕོར་གཙོ་འཛིན་གྱིས་སེམས་བཅངས་ཏེ་གཏམ་གླེང་བྱ་མི་ཆོག
  • ཚོགས་ཆེན་གྱི་གོ་སྒྲིག་པས་གསལ་བསྒྲགས་བྱས་པའི་བརྗོད་གཞི་དང་། གྲོས་ཆོད་ཁག་ལ་སྔོན་ཚུད་ནས་བསམ་གཞིགས་གཏིང་ཟབ་ཀྱིས་གྲ་སྒྲིག་བྱེད་དགོས་པ་མ་ཟད། ཚོགས་དུས་སོ་སོ་ལ་གཏམ་བཤད་བྱ་རྒྱུའི་བརྗོད་གཞིརྣམས་ཀྱང་རང་རྐྱ་འཕེར་བའི་ཐོག་ལུང་རིགས་ཀྱི་རྒྱབ་བརྟེན་བརྟན་པོའི་སྒོ་ནས་གཏན་ལ་ཕབ་ཐུབ་པར་འབད་བརྩོན་བྱ་དགོས།
  • མཐར་ཚོགས་ཆེན་ལེགས་གྲུབ་བྱུང་རྗེས་ཚོགས་བཅར་བ་རྣམས་ནས་རང་ཁོངས་ས་གནས་བོད་རིགས་མཐོ་རིམ་སློབ་མ་ཡོངས་ལ་ཚོགས་ཆེན་གྱི་སྙན་ཐོ་དང་། སྐབས་དེའི་ཐག་གཅོད་བྱུང་བའི་ལག་བསྟར་འཆར་གཞི་རྣམས་གསལ་བསྒྲགས་དང་དེ་དག་དུས་ཐོག་ཏུ་བསྒྲུབ་རྒྱུར་འབད་བརྩོན་ལྷོད་མེད་གནང་དགོས།
  • ས་གནས་ཁག་གི་ཚོགས་བཅར་བ་རྣམས་སྤྱི་ཟླ་ ༢ པའི་ཚེས་ ༡༣ དང་ ༡༤ ནང་ཚུད་འདི་ག་ས་གནས་སུ་འབྱོར་བ་གནང་དགོས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *