སྒོ་ཡོལ་གྱི་སྙན་ངག་ཚན་པ་གསུམ།

རྩོམ་ཡིག་འདི་ཐེངས་ 1222 བཀླགས་འདུག

སེམས་གཅོང་།

སྒོ་ཡོལ། དཀར་མཛེས།

ངའི་ཚིག་ཇ་ཧུབ་གང་བཏུང་རྗེས།

ཁྱོད་ལ་དྲག་འགུལ་མེད་སོང་བ་ཅི་ཞིག་རེད།

ལས་དབང་འདི་སྡུག་དྲག་པའི་ཡིན་ནམ།

ཀྱེ་་་ ང་ཡི་གཅེས་ཕྲུག་མ།

ངའི་མཚན་ལམ་རིང་མོ་ཞིག་དལ་གྱིས་བཅད་མྱངས།

སྐབས་དེར། མཚེར་ཤུལ་སྟོང་བ་ཞིག་ལས།

ང་ལ་ཡོད་པ་ནི་སེམས་གཅོང་རེད།

ངས་ཁྱོད་ལ་འཕྲིན་ཞིག་བསྐུར་ཡོད།

“རྨི་ལམ་སྤྲོ་པོ་ཡོང་བར་སྨོན།། སང་ཉིན་ཉི་འོད་དང་མཉམ་དུ་འཚེར་ཤོག” འ

ཕྲིན་ཡིག་འདི་འབྱོར་སོང་ངམ། གང་ལྟར།

དེ་རིང་ད་དུང་མཚེར་ཤུལ་སྟོང་བ་རེད།

2016/11/4 ཕྱི་དྲོར་བྲིས།

 

ཕྱི་དྲོ་ཞིག་ལ།

 

ཁྲུས་ལ་རོལ་གྱིན་པའི།

གཙང་འགྲམ་གྱི་བུ་མོ། སྙན་ངག་པ་ཞིག་གི་བག་གསར་བཞིན།

ཅི་འདོད་ཀྱིས་སྤྱོད་ཆོག སྐྱ་བོ་ཞིག་གིས། ཆགས་སྲེད་སྐོང་བྱེད་དུ་བསུས་པའི་བུ་མོ།

དྭངས་གཙང་གི་སྙན་ངག་པས་བག་གསར། དེ་ནི།

གྲང་ངར་དང་། སྨྲེང་བའི་དུས་སུ།

ཧ་ཅང་དྭངས་གཙང་གི་བག་གསར་ཞིག་ཡིན།

༢༠༡༦/༡༠/༡༢ཉིན།

སྙན་ངག་གི་མངའ་ཐང་།

སྟོན་ཀ་ཐོན་ཐ། སླར་ཡང་རྨི་ལམ་གྱི་འོད་དུ་འཇགས་འགྲོ།

ངའི་འཇིག་རྟེན་ལ་སྐད་ཆ་ཞིག་ལབ་རྗེས།

ང་རང་ཕུང་པོ་བྲལ་སོང་བ་ཤེས།

ང་ཁྱེད་ལ་དགའ་མྱོང་། མི་ཞིག་ཁྲེལ་དགོད་བྱེད་བཞིན་པའང་མཐོང་།

འོན་ཏང་། བརྩེ་བའི་སྦྲང་བརྩི་འདི།

ངའི་ཁྱོད་ལ་ཕུལ་བཞིན་ཡོད།

ཨོ་་ གཉུག་གཤིས་ཐེད་པོ་ཞིག

ཉི་མ་དང་ཟླ་བར་བསྲོས་ནས། ཉིན་ཞག་ག་ཙམ་སོང་ཡོད་པ།

ཁྱེད་ཀྱིས་རྟོག་གི་ཡོད་དམ་ཀྱེ།

ངས་རང་ཉིད་ལ་དོགས་འདྲི་ཞིག་བྱས། ཡིན་ཡང་།

རྨི་ལམ་དུ་ཁྱོད་ཁོ་ན་འཁོར། བདག་གི་ལྷ་མོ་ལགས།

ཁྱོད་བདག་གི་བྲང་གཞུང་ནས་འགྲོ་དོན།

འཁོར་བ་འདིར་དངངས་སྐྲག་སྐྱེས་པས་ཡིན་ནམ།

ས་སྲོས་དུས་ཤིག་ལ། ཁྱོད་ཀྱི་རྡོག་ཁྲེས་སུ་ཁ་བ་བབས་པའི།

གཙང་བོའི་ཁ་རླང་འཇགས་སོང་།

མིག་ཆུ་མཚེའུ་ལ་འདྲེས་ནས།

སེམས་ཀྱི་ཀོ་གྲུ་དེའང་ཆག་མྱངས།

མཚན་མོ་འདིར། མིག་བཙུམ་ནས་ཡིད་ཙམ་ལ་ཧད་ནས་བསྡད།

མཚན་མོ་ནི་བུད་མེད་ཞིག་དང་འདྲ་བར།

མཛེས་ཉམས་ཀྱིས་ཕྱུག་ནས་འདུག འོན་ཏང་།

མཚན་ལམ་ཐུང་དྲག་པས། ན་ཟུག་དང་འགྱོད་གདུང་གིས་བཟི།

ཤེལ་དེམ་ཆག་རོ་ཞིག་ལས། ཝི་ཆང་གི་སྦུ་བ་སོབ་སོབ་འབུས་བཞིན་པ་མཐོང་།

སྣང་དོག་གི་ངང་། ཁྱེད་ཀྱི་སྐད་ཆར་ཉན་རྗེས།

ཁྱོས་ང་ལ་འོ་ཞིག་བྱས་ནས་སོང་།

སྙན་ངག་ནི་བདག་གི་ཕུང་པོ་ཡིན་ཞེས་ན།

ངས་ཁྱོད་ལ་དྲི་ངན་གྱིས་མ་བཏུས་པའི། ལུས་གོས་གཙང་མ་ཞིག་ཕུལ་འདོད།

ཡིན་ཡང་། ཁྱེད་ཀྱིས་མཚར་སྡུག་འོད་དུ་འཚེར་ཤོག

རྨི་ལམ་གྱི་ཞིང་ས་རུ།

ཁྱེད་ཀྱིས་མཚར་སྡུག་བསྐྲུན་རྗེས།

ཁུ་སིམ་སིམ་གྱི་འཇིག་རྟེན་ཞིག་དཀྲོག་ཡོང་།

དེ་ནི་ཁྱེད་ཀྱིས་མངའ་ཐང་ཡིན། གཟི་བརྗིད་ཡིན་།

འབྲས་བུ་ཡིན།

༡༠

ད་ཡང་དགུན་ཐོན་ལ་ཉེ་བས། དཀར་སོབ་སོབ་ཀྱི་ཁ་བའི་ངོར།

ངའི་དྭངས་གཙང་གི རྨི་ལམ་ཞིག་འབྲི།

དེ་ནི་ངའི་རྨི་ལམ་རིང་མོ་ཞིག་ཡིན་པར་སྨོན།

 

༢༠༡༦/༡༠/༢༤ ཉིན་འགོ་བརྩམས།

༢༠༡༦/༡༠/༢༦ ཉིན་མཇུག་གྲུབ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *