གཙང་པོའི་རླབས་སྒྲའི་སྙན་ངག་ཚན་པ་གསུམ།

རྩོམ་ཡིག་འདི་ཐེངས་ 1354 བཀླགས་འདུག

དུར་ས་མཐོང་བ།

 

རྩོམ་པ་པོ།   གཙང་པོའི་རླབས་སྒྲས།

ང་ཞེ་སེམས་སྨྲེང་ཞོར་ཤུལ་དུ་ལུས།།

ལས་གྲིབ་མ་འབྲུལ་བའི་མཚམས་ཤེད་ནས།།

སང་མ་འོངས་ཟེར་བ་ཆ་མེད་ཅིག།།

ཁྱོད་མ་བསྡད་དལ་གྱིས་བཞུད་སོང་ཐལ།།

 

མདང་ད་ཚོད་དགོད་སྒྲས་བསྐྱལ་བ་ནི།།

སྐྱིད་འཇིག་རྟེན་འཛུམ་ཆུང་ཡག་ཚུལ་ཡིན།།

སང་ཆ་མེད་ཁེར་ལམ་འགྲིམ་པ་པོ།།

ཆོས་མ་ཎི་ཆ་རེ་ཡོད་ན་ཡག།

 

སེམས་དྲང་མོའི་མི་གཞི་ལམ་ཐིག་ཡག།

གཞན་བྱམས་པའི་སེམས་བསྐྱེད་མ་རྩ་དྲོ།།

ཕ་བླ་མའི་ཞལ་འཛུམ་ཡིད་ཡུལ་བསྣུན།།

ཚེ་མི་རྟག་རླུང་ཁའི་ལམ་གྲོ་ཡིན།།

 

སྐྱིད་འཚོ་ལམ་རིང་མོའི་ས་རིས་ངོར།།

ལམ་འོལ་གྱིས་བྱིངས་པའི་མཇུག་ཤེད་ཏུ།།

འཆི་མི་རྟ་ཞེ་བློ་ཁྲིག་སེ་མེད།།

ལས་ཕྲ་རཊ་ངོས་འཛིན་ཡོད་ནི་བྱོས།།

 

ཞེ་གློ་བ་ཉེ་རུང་ཡུད་ཙམ་རེད།།

ང་སྒྱིད་ལུག་སོ་ཁ་བཙན་པོ་རེད།།

སེམས་རྡོ་ལས་འཁྲེག་པས་འཆོས་རྒྱུ་དཀའ།།

རྙེད་དཀའ་བའི་དལ་འབྱོར་ཤོར་ལུགས་ཤིག།

༢༠༡༦/༡༡/༡༠ཉིན།

 

སེམས་འགྱུ་ཞིག་རོ།

 

སྨུག་ལོང་ཁྲོད་ནས་གང་དུ་ཆས།།

གང་ནས་ཡོང་ཞིང་གང་དུ་ལོག།

གང་འདི་སྤྱི་སྒྲ་ཡིན་པ་བཞིན།།

ལམ་བུ་འདི་ཡང་གྱ་མ་གྱུར།།

 

སྔར་བཞིན་དོ་ཞག་མདུན་ལ་བུད།།

ཕྱིར་མི་འོང་པའི་ལམ་ཡིན་ན།།

ང་ནི་ལམ་པ་བགྲེས་པོ་ཞིག།

དཀྱུས་ཐག་འདི་ལ་ཁྲིག་ཁྲིག་མེད།།

 

འདི་ནས་ཕར་ལ་རྒྱུ་ནས་སོང་།།

ཕར་ནས་གང་དུ་འགྲོ་དགོས་སམ།།

རབ་རིབ་སྨུག་ལོང་མཐིལ་དུ་འཐིམ།

ཉི་ཟླའི་མཚམས་སུ་བློ་ཐག་དཔྱངས་། །

 

སེམས་འགྱུ་སྐྱེན་པོ་གང་ལ་སྤུར། །

འཚོ་གཞིས་གོར་མོ་ཅི་འདྲ་རེད།

སྣང་བ་ལིང་ལིང་འཕྱོ་བ་འོ། །

མཐའ་ནས་ཕར་ལ་ནུར་ནས་སོང་།།

 

གང་ཞིག་ཉིལ་བཞིན་ཡོད་པ་འདྲ།།

ལྐོག་གྱུར་ཡིན་ལ་མིན་པར་ཞིག།

ལས་ཀྱི་རྨུ་ཐག་རིང་རྒྱུ་མེད།།

འཚོ་བའི་ལག་རྟེན་མོག་པོ་ངེས།།

༢༠༡༦/༡༠/༡༥ཉིན།

 

ལས་ཀྱིས་བསྐོས་པའི་ང་དང་ཁྱོད།

 

རྨི་ལམ་སྐྱ་སྐྱ་ཡིན་པའི་ཕྱི་ནང་ཀུན།།

གཉིད་ཀྱི་བདེ་བ་སྔར་བཞིན་ཉུང་ཉུང་རེད།།

སུན་གཙེར་ཡིན་པ་གཞི་ནས་མ་ཚོར་ན།།

ང་ནི་སྔར་བཞིན་འཁྲུལ་སྣང་ཕག་ཏུ་ཡོད།།

 

མ་འོངས་རབ་རིབ་ཡིན་པའི་ཕྱི་ནང་ཀུན།།

བདེ་སྡུག་རེ་མོའི་འཁོར་ལོ་བར་མེད་སྐོར།།

ད་དུང་ཁྲིག་ཁྲིག་མི་འདུག་ཁྲ་ཁྲ་རེད།།

ཁྱོད་ནི་སྔར་བཞིན་ང་ནི་ཚུགས་ཤིག་ཕོད།།

 

འདས་པ་གསལ་ཐག་ཆོད་པའི་སྔ་གཞུག་ཏུ།།

འཛུམ་རེས་ཁྲོས་རེས་བྱས་ནས་ཡོང་བ་ནི།།

འཁོར་བ་ཀླན་ཀའི་ངོས་ཀྱི་རི་མོ་ཞིག།

ཁྱོད་ནི་སྔར་བཞིན་གནས་ལུགས་དེད་ནས་སོང་།།

 

ཡིད་ཆེས་ཟེར་བའི་ཚིག་འབྲུ་གཉིས་པོའི་བར།།

མི་ཚེའི་ཐོད་པའི་ཁ་ཡིག་བཀོད་པ་ནས།།

གོམ་པ་གྱ་གྱུ་ཕྱི་ནུར་མེད་པར་བཀྱེད།།

ང་ནི་སྔ་བཞིན་ཞེན་ཆཊ་ཁུར་ནས་སོང་།།

 

མ་འོངས་ཟེར་བའི་ཁ་ཡང་སྙན་པོ་ཞིག།

ལམ་སྣེ་ཟིན་རྒྱུ་མེད་པའི་འཁྲུལ་བ་འདིས།།

ང་དང་ཁྱོད་ཀྱི་ཁ་ཕྱོགས་རབ་རིབ་བཟོས།།

ང་ནི་སྔ་བཞིན་ཁྱོད་ཀྱང་འགྱུར་རྒྱུ་དཀའ།།

 

མཛེས་པ་ཆར་ཆུས་ཉིལ་ལུཊ་ཏག་ཏག་རེད།།

དྲན་པའི་ཁྲག་རྩའི་ཉིན་གསེབ་སྦངས་ནས་སོང་།།

ལོ་ཟླའི་བང་སོ་བརྩིགས་ནས་ཡོང་བ་ན།།

ང་ནི་སྔ་བཞིན་ཁྱོད་ཀྱང་དཔའ་བ་ཞིག།

༢༠༡༦/༡༡/༨ཉིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *