བོད་རིགས་མཐོ་རིམ་སློབ་མའི་ཞིབ་འཇུག་ཚོགས་ཆུང་ངོ་སྤྲོད་རགས་བསྡུས།

རྩོམ་ཡིག་འདི་ཐེངས་ 932 བཀླགས་འདུག

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ནི་སྐུ་ཞབས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བསམ་འཆར་ལྟར་ ༢༠༠༦ ཟླ་ ༡༢ པའི་ཚེས་ ༢༦ ཉིན་རྒྱ་གར་ལྷོ་ཕྱོགས་ས་གནས་མངྒེ་ལོར་དུ་ཐོག་མར་འགོ་བཙུགས་ཤིང་། ད་བར་དུ་ཐེངས་དགུ་འཚོགས་ཡོད་པ་རེད། ད་ལོའི་སྐབས་དགུ་བའི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐོག་བཅར་བའི་སློབ་མ་རྣམས་ཀྱི་རེ་འབོད་ཇི་བཞིན་འཐུས་མི་དྲུགའདེམས་ཐོན་ཐོག མཐོ་རིམ་སློབ་མའི་ཞིབ་འཇུག་ཚོགས་ཆུང་ཞིག་གསར་བཙུགས་བྱས་ཡོད།

ཚོགས་ཆུང་གི་ཚོགས་མི་རྣམས་གཤམ་གསལ།

                                 
ཡེ་ཤེས་ཟླ་བ།   ཚོགས་གཙོ།                               སྒྲོལ་མ་སྐྱབས། ཚོགས་གཞོན།                            བསོད་ནམས་ཚེ་བརྟན། དངུལ་གཉེར།
བྷ་ཎ་ར་སི་ཧིན་དྷུ་གཙུག་ལག་སློབ་གཉེར་ཁང་།        རྡི་ལི་མཐོ་སློབ།                                          ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་།
                               
སོན་ཐར་སྐྱིད། འབྲེལ་གཏུག་པ།                           བློ་བཟང་སྐྱིད་འཛོམས། རྩིས་པ།                         བདེ་པོ་འཚོ། དྲ་རྒྱ་དོ་དམ་པ།
༸ཏཱ་ལའི་བླ་མ་མཐོ་སློབ།                                    བྷེང་ལོར་མཐོ་སློབ།                                     ༸ཏཱ་ལའི་བླ་མ་མཐོ་སློབ།

བོད་རིགས་མཐོ་རིམ་སློབ་མའི་ཞིབ་འཇུག་ཚོགས་ཆུང་གིས་ངོས་ནས་གསར་ཤོག་གི་གླེང་སྟེགས་བརྒྱུད་ནས་སྐབས་དགུ་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་གྲོས་ཆོད་རྣམས་ཁྱབ་བསྒྲགས་བྱས་དགོས་དོན་ནི།

དང་པོ། སྐབས་དགུ་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདིའི་མ་དངུལ་རོགས་སྐྱོར་ནི་གཞིས་ཆགས་ཁག་ཏུ་གནས་སྡོད་བྱེད་བཞིན་པའི་མི་མང་དང་ཕྱི་རྒྱལ་དུ་གནས་སྡོད་བྱེད་བཞིན་པའི་བོད་རིགས་སྤུན་ཟླ་དག་ལས་བྱུང་སྟབས། ཚོགས་ཆེན་གྱི་མཐའ་མའི་གྲུབ་འབྲས་སམ་གྲོས་ཆོད་དག་ཁོང་རྣམ་པར་གོ་རྟོགས་དང་། རྗེས་ཕྱོགས་མུ་མཐུད་རྒྱབ་བསྐྱོར་ཡོང་བའི་སླད་དུ་ལགས།
གཉིས་པ། དེང་གི་སློབ་གཉེར་བ་ནི་མ་འོངས་ཀྱི་འགོ་ཁྲིད་ཡིན་ཟེར་བ་བཞིན། རང་ངོ་རང་ཤེས་དང་རང་འགན་རང་ཁུར་གྱི་ཐོག་ནས་རྗེས་ཕྱོགས་ཚོགས་ཆེན་དག་ལ་མཉམ་ཞུགས་བྱས་ནས་ཁ་ཚ་དགོས་གཏུགས་ཀྱི་བསམ་འཆར་དང་། བོད་རིགས་སློབ་ཕྲུག་མཐུན་སྒྲིལ་ཡོང་བའི་སླད་དུ་ཡིན།
གསུམ་པ། ཐེངས་དགུ་པའིབོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་གོ་སྒྲིག་ཚོགས་ཆུང་གི་གྲུབ་འབྲས་ཤིག་ངོས་འཛིན་ཐུབ་པས་ཆེད་དུ་ཡིན་པ་མ་་ཟད། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་སྡིངས་ཆ་དེ་ཧ་ཅང་གི་གལ་འགངས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།

བོད་རིགས་མཐོ་རིམ་སློབ་མའི་ཞིབ་འཇུག་ཚོགས་ཆུང་།
ཚོགས་ཆུང་གི་དམིགས་ཡུལ་དང་འོས་འགན།

༡༽ཚོགས་ཆེན་གྱི་གྲོས་ཆོད་རྣམས་དབུས་བོད་མིའི་གྲོས་ཚོགས་དང་ཤེས་རིག་ལྷན་ཁང་། དེ་བཞིན་བོད་ཁྱིམ་སོགས་འབྲེལ་ཡོད་ཁག་ལ་སྙན་འབུལ་བྱ་དགོས་པ།
༢༽ཚོགས་ཆེན་གྱི་དྲྭ་ཚིགས་དང་ངོ་དེབ་མཇུག་སྐྱོང་བྱ་དགོས་པ།
༣༽ཚོགས་ཆེན་སྐབས་སོ་སོའི་གོ་སྒྲིག་ཐུན་ཚོགས་ཀྱི་བརྗོད་གཞི་རྣམས་ཞིབ་འཇུག་ཚོགས་ཆུང་བརྒྱུད་ནས་ཐག་གཅོད་དགོས་པ།
༤༽ཚོགས་ཆེན་སྐབས་སོ་སོར་ཉུང་མཐར་ཚོགས་ཆུང་གི་ཚོགས་མི་གཉིས་བཅར་དགོས་པ།
༥༽ཚོགས་ཆུང་ནས་སྐབས་སོ་སོའི་རྩིས་ཁྲ་རྣམས་ཞིབ་གཤེར་བྱ་དགོས་པ།
༦༽མཐོ་རིམ་སློབ་མའི་ས་གནས་ཁག་ལ་དཀའ་ངལ་འདྲ་བྱུང་ན་ཚོགས་ཆུང་ངོས་ནས་གོང་རིམ་ཁག་ལ་སྙན་གསང་ཞུ་དགོས་པ།
༧༽ཚོགས་ཆེན་གྱི་ཡིག་ཆ་མ་ཡིག་རྣམས་ཚོགས་ཆུང་གིས་ཉར་ཚགས་བྱ་དགོས་པ་དང་། དཔར་བཤུས་དེ་སྤྱི་ཁྱབ་འབྲེལ་མཐུད་པར་འཕྲོད་དགོས་པ།
༨༽ བོད་རིགས་མཐོ་རིམ་སློབ་མའི་ལོ་རེའི་ཉིན་གཅིག་དུས་གཅིག་གི་ལས་འགུལ་དེར་དོ་དམ་དང་རྒྱུན་སྐྱོང་བྱ་ཐབས་ལ་འབད་རྒྱུ།

གོང་འཁོད་ཀྱི་དམིགས་ཡུལ་དང་འོས་འགན་ཁག་ནི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དགུ་པའི་ཚོགས་བཅར་བའི་མང་མོས་འོས་བསྡུ་དང་། དེ་ནས་ཚོགས་ཆུང་གི་ཚོགས་མི་དང་ཚོགས་ཆེན་གྱི་ཚོགས་གཙོ་བརྒྱུད་ཐག་གཅོད་བྱེད་པ་ཞིག་ཡིན། གོང་འཁོད་ཀྱི་དམིགས་ཡུལ་དང་འོས་འགན་རྣམས་སྐབས་སོ་སོའི་ཚོགས་ཆེན་ནས་ཆེ་མཐོང་དང་མཇུག་སྐྱོང་བྱེད་དགོས་པ་མ་ཟད། དགོས་གལ་ཆེ་ན་དེ་དག་རྒྱུ་མཚན་ཡང་དག་གི་སྒོ་ནས་གསུབ་སྣོན་ཀྱང་བྱེད་ཆོག

བཅས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དགུ་པ་ནས། སྤྱི་ལོ་ ༢༠༡༥ ཟླ་བ་ ༢ པའི་ཚེས་ ༡༤ ཉིན།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ལ་དབུལ་རྒྱུའི་རེ་འབུལ་ཁག

༡༽བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྩོམ་རིག་དྲ་ཚིགས་ཤིག་ཁ་ཕྱེས་ན་དགེ་མཚན་ཆེ།
༢༽བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་རྒྱ་དབྱིན་གསུམ་གྱི་ཡིག་སྒྱུར་སྡེ་ཚན་སྤུས་ཚད་ལྡན་པ་ཞིག་ངེས་པར་དུ་འཛུགས་དགོས་པ་འདུག
༣༽སློབ་གྲྭ་ཁག་ལ་དགེ་རྒན་ཚད་ལྡན་ཡོང་བར་དགེ་རྒན་རྣམས་ལ་དུས་སྐབས་རེར་ཡིག་རྒྱུགས་གཏོང་རྒྱུ་དང་། དགེ་རྒན་སྤུས་ཚད་ལྡན་པ་གནས་ཕྱིར་གླ་ཕོགས་སྤོར་དགོས་ཀྱི་འདུག
༤༽ད་ལྟའི་གཞི་རིམ་སློབ་གྲྭའི་སློབ་གཞི་རྣམས་སློབ་མའི་ཆུ་ཚད་དང་རན་གྱི་མེད་པ་དང་། མི་རིགས་རིང་ལུགས་ཀྱི་བསམ་བློ་ཚུགས་ཐུབ་ཀྱི་མེད་པ་སོགས་ཀྱི་སྐྱོན་ཆ་དུ་མ་ཞིག་མཆིས་པས། གཞི་རིམ་ཁག་གི་སློབ་གཞི་རྣམས་སློབ་མའི་ཆུ་ཚད་དང་རན་ཞིང་། བོད་ཀྱི་ཉེ་བའི་ལོ་རྒྱུས་དང་དཔའ་བོ་དཔའ་མོའི་གནད་དོན་ཚུད་པའི་མི་རིགས་རིང་ལུགས་ཀྱི་བསམ་བློ་ཡོད་པའི་བསླབ་གཞི་གཏན་འབེབས་བྱ་གལ་ཆེ། དེ་བཞིན་སློབ་གྲྭ་ཁག་ནང་ཨང་རྩིས་དང་ཚན་རིག་ཐོག་དགེ་རྒན་སྤུས་ཚད་ལྡན་པ་དགོས་གལ་ཆེ།
༥༽ཤེས་རིག་ངོས་ནས་བོད་ཀྱི་ཐ་སྙད་གསར་པ་གཏན་འབེབས་བྱེད་བཞིན་པ་ཀུན་གསལ་ཡིན། དེ་བས་ཐ་སྙད་གཏན་འབེབས་རྣམས་བརྡ་དག་གི་གཞུང་ལུགས་དང་མ་འགལ་བར་གཏན་འབེབས་བྱ་དགོས་པ་དང་། གཏན་འབེབས་བྱས་པ་དག་ཀྱང་ཚགས་ཤོག་སོགས་བརྒྱུད་ནས་མི་མང་ལ་གོ་རྟོགས་སྔར་ལས་རྒྱ་ཆེར་སྤེལ་དགོས་ཀྱི་འདུག
༦༽སློབ་གྲྭ་ཁག་ནང་མདུན་ལམ་ལམ་སྟོན་ཡོད་པའི་རྐྱེན་གྱིས་སློབ་མ་རྣམས་ཀྱི་མདུན་ལམ་ཐད་ཕན་ནུས་འདོན་བཞིན་ཡོད། དེ་བཞིན་དམའ་རིམ་འཛིན་གྲྭ་ནས་སློབ་གསོ་དང་མདུན་ལམ་ལམ་སྟོན་པ་ཡོད་ན་སློབ་མ་རང་རང་གི་མདུན་ལམ་ཐོག་གཞི་རྟེན་ཚུགས་པ་དང་གདེང་ཚོད་ཐུབ་པ་ཞིག་ཡོང་ངེས་ཡིན།
༧༽ཤེས་རིག་ལས་ཁུངས་ནས་རིགས་གཅིག་རྐང་འཛིན་པའི་སྡེ་ཁག་གི་སློབ་ཡོན་གོང་འཕེལ་དང་། རིགས་གཅིག་རྐང་འཛིན་པའི་སྡེ་ཁག་ལ་བདག་སྐྱོང་དང་ཆེ་མཐོང་གནང་དགོས་ཀྱི་འདུག
༨༽བོད་རིགས་སློབ་མ་རྣམས་ལ་རིགས་གཅིག་རྐང་འཛིན་སོགས་པའི་སློབ་ཡོན་གྱི་མཐུན་འགྱུར་གནང་སྐབས། མཐའ་མའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཙམ་ལ་མ་ལྟོས་པར་མི་གཤིས་དང་གདིང་གི་ཤེས་ཡོན་སོགས་པའི་རྒྱབ་ལྗོངས་ཀྱི་གནད་དོན་ལ་ཞིབ་འཇུག་བྱ་སྟེ་མཐུན་འགྱུར་གནང་དགོས་ཀྱི་འདུག
༩༽ཤེས་རིག་ལྷན་ཁང་ངོས་ནས་བོད་རིགས་འབུམ་རམས་པ་དང་རིག་གཅིག་རྐང་འཛིན་པ་རྣམས་སློབ་གྲྭ་ཁག་ལ་སྐོར་སྐྱོད་ཀྱིས་གཏམ་བཤད་དང་ཉམས་མྱོང་སྤེལ་རེས་བྱེད་ཐུབ་ན་སློབ་མ་རྣམས་ལ་སེམས་ཤུགས་དང་གོ་རྟོགས་སད་ཐུབ་པར་ནུས་པ་ཆེན་པོ་ཐེབས་ངེས་པ་ཡིན།
༡༠༽མཐོ་སློབ་པ་ཁག་གཅིག་གིས་ཁྲིམས་འགལ་གྱིས་བོད་ཁྱིམ་དང་ཤེས་རིག་གཉིས་ཀའི་སློབ་ཡོན་ལེན་བཞིན་འདུག་པས། དེའི་ཐད་ཤེས་རིག་དང་བོད་ཁྱིམ་ཟུང་ནས་ཉམས་ཞིབ་ཞིབ་ཚགས་བྱ་གལ་ཆེ།
༡༡༽འབྱུང་རིག་དང་ཚོང་རིག་སྡེ་ཚན་ནས་ཡིན་པའི་སྨན་ཞབས་པའི་རབ་འབྱམས་པ་རྣམས་གཙུག་ལག་རབ་འབྱམས་པ་(MA)ལ་འཛུལ་ཞུགས་བྱ་རྒྱུར་མུ་མཐུད་ནས་སློབ་ཡོན་གནང་སྐྱོང་ཡོང་བར་ཞུ།
༡༢༽ཤེས་རིག་ལྷན་ཁང་ངོས་ནས་བོད་རིགས་སློབ་མ་རྣམས་ལ་MBBSཚུད་རྒྱུགས་གཏོང་བའི་གྲ་སྒྲིག་ཆེད་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་གུང་གསེང་སྐབས་སྦྱོང་བརྡར་སྤྲོད་ཐུབ་ན་ཕན་ནུས་ཧ་ཅང་ཆེ།
༡༣༽ཅེ་ཎ་ཡི་(CHENNAI)དང་ཅན་ཌི་གྷར་(CHANDIGARH)ས་གནས་ལ་བོད་གཞུང་ངམ་བོད་ཁྱིམ་ངོས་ནས་བོད་རིགས་མཐོ་རིམ་སློབ་གཉེར་བ་རྣམས་ལ་སྡོད་ཁང་གི་མཐུན་རྐྱེན་འབྱོར་གནང་ཡོང་བར་ཞུ།
༡༤༽བོད་ཕྲུག་རྣམས་ཤེས་སྤྱོད་གཉིས་ལྡན་གྱི་མ་འོངས་སོན་རྕར་འགྱུར་བར་ཕ་མ་ལའང་རག་ལས་པས། བཙན་བྱོལ་དབུས་སྒྲིག་འཛུགས་ནས་གཞིས་ཆགས་ཁག་ལ་གནས་སྡོད་བྱེད་བཞིན་པའི་ཕ་མ་རྣམས་ལ་ཁྱིམ་ཚང་སློབ་གསོ་སོགས་ཀྱི་ཐད་ལ་ཟབ་སྦྱོང་གང་མང་དབུལ་དགོས་ཀྱི་འདུག
༡༥༽ཤེས་རིག་ལྷན་ཁང་གི་མངའ་ཁོངས་སུ་ཡོད་པའི་བལ་ཡུལ་གྱི་བོད་རིགས་སློབ་གྲྭ་ཁག་ལ་མདུན་ལམ་ལམ་སྟོན་གྱི་ལས་གཞི་སྤེལ་དགོས་གལ་ཆེ།
༡༦༽བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱིས་བཙན་བྱོལ་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རེ་ནས་ལོ་རེ་བཞིན་ཤེས་རིག་ལྷན་ཁང་གི་འབུམ་རམས་པའི་ལས་གཞི་ལ་རྒྱབ་སྐྱོར་གྱི་ཆེད་དུ་སྒོར་ལྔ་བཅུ་རེ་ཞལ་འདེབས་ཞུ་རྒྱུ།
༡༧༽བྷ་རོ་ཌ་(VADODARA)ལ་མཐོ་སློབ་འགྲིམ་བཞིན་པའི་བོད་རིགས་མཐོ་སློབ་པ་རྣམས་ནས་ཡིག་རྒྱུགས་སྤྲོད་དུས་སྒྲིག་ཁྲིམས་བཞིན་ཧིན་དྷི་ཡིག་རྒྱུགས་ངེས་པར་དུ་གཏོང་དགོས་འདུག་པས། འབྲིང་རིམ་སྐབས་མ་གཏོགས་ཧིན་དྷི་སྦྱོང་གི་མེད་པའི་རྐྱེན་གྱིས་རང་གི་བསླབ་གཞི་དངོས་ཀྱི་ཡིག་རྒྱུགས་ཀྱི་ཐད་ལ་ཤུགས་རྐྱེན་ངན་པ་སྤྲོད་བཞིན་འདུག་པས། ཤེས་རིག་ངོས་ནས་ཧིན་དྷི་ཡིག་རྒྱུགས་སྤྲོད་མི་དགོས་པའི་རྒྱབ་གཉེར་ཡིག་ཆ་ཞིག་ངེས་པར་དུ་གནང་གལ་ཆེ།
༡༨༽བྷ་ཎ་རཱ་སི་ཧིན་དྷུ་གཙུག་ལག་སློབ་གཉེར་ཁང་དུ་(BANARAS HINDU UNIVERSITY)ཕྱི་རྒྱལ་གྱི་སློབ་གཉེར་བ་ལ་སྨན་པའི་(MBBS)ས་མིག་གཉིས་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ངོས་ནས་དེབ་སྐྱེལ་(Registration)བྱས་མེད་པའི་རྐྱེན་གྱིས་བོད་རིགས་སློབ་མ་རྣམས་ས་མིག་དེར་ཞུགས་མི་ཐུབ་པའི་དཀའ་ངལ་མཆིས་པས། དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་དཀའ་ངལ་དེ་སེལ་ཐབས་སུ་རྒྱ་གར་འཕྲོད་བསྟེན་ལྷན་ཁང་ལ་དེབ་སྐྱེལ་གང་མྱུར་གནང་སྐྱོང་ཡོང་བའི་རེ་འབུལ་ཞུ།

བཅས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དགུ་པས་ སྤྱི་ལོ་ ༢༠༡༥ ཟླ་བ་ ༢ པའི་ཚེས་ ༡༤ ཉིན་ཕུལ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ལ་དབུལ་རྒྱུའི་རེ་འབུལ་ཁག

མཐོ་རིམ་སློབ་མ་ནི་ནམ་ཡང་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་ཞིག་ཡིན་ལ། འགན་འཁུར་ལྕི་མོ་ཞིག་ཡོད་པའི་ཆོས་ཉིད་ལྡོག་ཐབས་མེད་པ་དེས། འུ་ཚོ་ལ་སྙིང་སྟོབས་གསར་པ་ཞིག་དང་དཔུང་ཤུགས་སྣོན་མ་ཞིག་བྱིན་ཡོད། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ནི་བོད་རིགས་མཐོ་སློབ་པའི་ཐུན་མོང་གི་མགྲིན་ཚབ་པ་ཞིག་ཡིན་ལ། ཚོགས་ཆེན་འདི་ཁོ་ན་བརྒྱུད་ནས་ད་གཟོད་ཕྱི་སྡོད་བོད་རིགས་མཐོ་རིམ་སློབ་མའི་སྙིང་སྟོབས་ཀྱི་དཔུང་ཤུགས་མཚོན་པ་ཡིན། བོད་རིགས་མཐོ་སློབ་མའི་ཚོགས་ཆེན་སྐབས་དགུ་པས་དེ་སྔ་དང་མི་འདྲ་བར་སྐུ་ཉིད་དངོས་སུ་གདན་དྲངས་ཏེ་རེ་འབུལ་ཁག་སྙན་འབུལ་ཞུས་ཡིན། དེ་ནི་རེ་འབུལ་ཁག་ལ་དོན་ཐོག་གནད་མིན་གྱི་ཕྱག་བསྟར་གང་མྱུར་ཡོང་བའི་རེ་སྨོན་ཞིག་གིས་བསྐུལ་བ་ལས་ཅི་ཡང་མིན། གཤམ་ནས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དགུ་པའི་བོད་མིའི་གྲོས་ཚོགས་ལ་འབུལ་རྒྱུའི་རེ་འབུལ་ཁག་ཡིན།

༡། དབུས་བོད་མིའི་སྒྲིག་འཛུགས་དང་དེའི་མངའ་ཁོངས་སུ་གཏོགས་པའི་ཡན་ལག་སྒྲིག་འཛུགས་ཁག་གི་ཡིག་ཆ་དང་། དེ་བཞིན་གནས་ཁག་ལ་གསུང་བཤད་སོགས་པའི་ལས་འགུལ་སྐབས་ངེས་པར་བོད་སྐད་བོད་ཡིག་ཐོག་གནང་རོགས།
༢། ༧གོང་ས་མཆོག་ཕྱི་རྒྱལ་སོགས་ས་གནས་ཁག་ལ་ཆིབས་བསྒྱུར་བསྐྱང་སྐབས་འབྲེལ་ཡོད་ཁག་ནས་བདེ་སྲུང་དམ་དུ་གཏོང་སྐྱོང་ཡོང་བ་ཞུ།
༣། དབུས་བོད་མིའི་སྒྲིགས་འཛུགས་ངོས་ཀྱང་༧གོང་ས་མཆོག་གི་རིགས་གཅིག་རྐང་འཛིན་དགོས་གལ་ཆེ་ཚུལ་ཐོག་ལ་བཀའ་སློབ་ཕེབས་པ་བཞིན་ཤེས་རིག་ལྷན་ཁང་དང་མཉམ་སྦྲེལ་གྱི་ལས་གཞི་གང་སྤེལ་ཀྱང་ནུས་ཤུགས་ཆེ་རུ་གཏོང་དགོས་གལ་ཆེ།
༤། ད་བར་སྤྱི་འཐུས་རྣམ་པའི་སྐོར་སྐྱོད་ཕལ་མོ་ཆེ་གསུང་བཤད་ཀྱི་རྣམ་པ་ཁོ་ནའི་སྟེང་མཇུག་སྐྱོང་བྱེད་བཞིན་འདུག་པས། རྗེས་སོང་ལས་གཞི་འདིའི་དམིགས་ཡུལ་དང་དགོས་པ་ལྟར་མི་མང་གི་ཆབ་སྲིད་གོ་རྟོགས་དང་། གཞི་རིམ་མང་གཙོའི་ལག་ལེན་གོང་འཕེལ་དང་། གཞིས་ཆགས་ཁག་ལ་ས་བརྟན་ཡོང་བ་བཅས་ས་གནས་ཁག་གི་བདེ་སྡུག་སོགས་ཀྱི་གནད་དོན་ཐད་ཉམས་ཞིན་དང་དེ་འབྲེལ་ཕྱག་ལྟར་གནང་སྐྱོང་ཡོང་བ་ཞུ།
༥། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་གལ་ཆེའི་གྲོས་ཆོད་ཅིག་ནི་བཙན་བྱོལ་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རེ་ནས་ལོ་རེ་བཞིན་ཤེས་རིག་ལས་ཁུངས་ཀྱི་འབུམ་རམས་པའི་ལས་གཞི་ལ་རྒྱབ་སྐྱོར་གྱི་ཆེད་དུ་སྒོར་ལྔ་བཅུ་ལས་མི་ཉུང་བ་ཞལ་འདེབས་འབུལ་རྒྱུ།

བཅས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དགུ་པས། ཕྱི་ལོ་ ༢༠༡༥ ཟླ་བ་ ༢ པའི་ཚེས་ ༡༤ ཉིན་གུས་ཕུལ།

བོད་ཕྲུག་ཁྱིམ་སྡེ་ལ་དབུལ་རྒྱུའི་རེ་འབུལ་ཁག

༡༽༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་རྒྱ་ཡིག་སྡེ་ཚན་གྱི་རྒྱ་ཡིག་དགེ་རྒན་བརྗེ་གྱུར་མང་དྲགས་པའི་རྐྱེན་གྱིས་སློབ་མ་རྣམས་ལ་དཀའ་ངལ་མང་པོ་འཕྲད་བཞིན་འདུག་པས། དགེ་རྒན་གཏན་འཇགས་ཤིག་དགོས་གལ་ཧ་ཅང་ཆེ།
༢༽སློབ་གྲྭ་ཁག་གི་དབྱིན་ཇིའི་སྐད་ཡིག་ཐོག་གི་སློབ་གཞི་སྟེ་ཨང་རྩིས་དང་ལོ་རྒྱུས། སྤྱི་ཚོགས་རིག་གནས་སོགས་དབྱིན་སྐད་དབྱིན་ཡིག་གཙང་མའི་ཐོག་སློབ་ཁྲིད་གནང་ཐུབ་ན་ཕན་ནུས་ཆེ་བར་འདུག
༣༽རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་གྱི་མཐུན་རྐྱེན་སོགས་ཀྱི་ཐོག་ཡར་རྒྱས་སོང་ཡོད་ཀྱང་། ཡ་རབས་གོམས་གཤིས་སོགས་ཀྱི་བཟང་སྤྱོད་ཐད་འཐུས་ཤོར་ཕྱིན་འདུག་པས། དེའི་ཐོག་ལ་དགོངས་བཞེད་ཟབ་མོ་གནང་སྟེ་ཕྱག་བསྟར་གང་མྱུར་གནང་སྐྱོང་ཡོང་བར་ཞུ།
༤༽ད་ལྟའི་གཞི་རིམ་སློབ་གྲྭའི་སློབ་གཞི་རྣམས་སློབ་མའི་ཆུ་ཚད་དང་རན་གྱི་མེད་པ་དང་། མི་རིགས་རིང་ལུགས་ཀྱི་བསམ་བློ་ཚུགས་ཐུབ་ཀྱི་མེད་པའི་མི་འདང་ས་མང་པོ་ཞིག་མཆིས་པས། གཞི་རིམ་ཁག་གི་སློབ་གཞི་རྣམས་སློབ་མའི་ཆུ་ཚད་དང་རན་ཞིང་། བོད་ཀྱི་ཉེ་བའི་ལོ་རྒྱུས་དང་དཔའ་བོ་དཔའ་མོའི་གནད་དོན་ཚུད་པའི་མི་རིགས་རིང་ལུགས་ཀྱི་བསམ་བློ་ཡོད་པའི་བསླབ་གཞི་གཏན་འབེབས་བྱ་གལ་ཆེ། དེ་བཞིན་སློབ་གྲྭ་ཁག་ནང་ ཨང་རྩིས་དང་ཚན་རིག་ཐོག་དགེ་རྒན་སྤུས་ཚད་ལྡན་པ་དགོས་གལ་ཆེ།
༥༽སློབ་གྲྭ་ཁག་ནང་མདུན་ལམ་ལམ་སྟོན་ཡོད་པའི་རྐྱེན་གྱིས་སློབ་མ་རྣམས་ཀྱི་མདུན་ལམ་ཐད་ཕན་ནུས་འདོན་བཞིན་ཡོད། དེ་བཞིན་དམའ་རིམ་འཛིན་གྲྭ་ནས་སློབ་གསོ་དང་མདུན་ལམ་ལམ་སྟོན་པ་ཡོད་ན་སློབ་མ་རང་རང་གི་མདུན་ལམ་ཐོག་གཞི་རྟེན་ཚུགས་པ་དང་གདེང་ཚོད་ཐུབ་པ་ཞིག་ཡོང་ངེས།
༦༽སློབ་གྲྭ་ཁག་ལ་དགེ་རྒན་ཚད་ལྡན་ཡོང་བར་དགེ་རྒན་རྣམས་ལ་དུས་སྐབས་རེར་ཡིག་རྒྱུགས་གཏོང་རྒྱུ་དང་། དགེ་རྒན་སྤུས་ཚད་ལྡན་པ་གནས་ཕྱིར་གླ་ཕོགས་སྤར་དགོས་ཀྱི་འདུག
༧༽བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་གལ་ཆེའི་གྲོས་ཆོད་ཅིག་ནི་བཙན་བྱོལ་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རེ་ནས་ལོ་རེ་བཞིན་ཤེས་རིག་ལས་ཁུངས་ཀྱི་འབུམ་རམས་པའི་ལས་གཞི་ལ་རྒྱབ་སྐྱོར་གྱི་ཆེད་དུ་སྒོར་ལྔ་བཅུ་ལས་མི་ཉུང་བ་ཞལ་འདེབས་སྤུང་རྒྱུ།

བཅས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དགུ་པས། སྤྱི་ལོ་ ༢༠༡༥ ཟླ་བ་ ༢ པའི་ཚེས་ ༡༤ ཉིན་ཕུལ།

མ་སུ་རི་བོད་ཁྱིམ་དང་འབྲེལ་བའི་རེ་འབུལ།

༡༽མ་སུ་རི་སློབ་གྲྭ་ཁག་ལ་མདུན་ལམ་ལམ་སྟོན་གྱི་དགེ་རྒན་དགོས་གལ་ཆེ།
༢༽མ་སུ་རི་སློབ་གྲྭ་ངོས་ནས་རྡི་ལི་དང་སྦེང་ལོར་ནང་སྡོད་ཁང་འཛུགས་ཐུབ་པར་ཧ་ཅང་གལ་ཆེ།
༣༽བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་གལ་ཆེའི་གྲོས་ཆོད་ཅིག་ནི་བཙན་བྱོལ་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རེ་ནས་ལོ་རེ་བཞིན་ཤེས་རིག་ལས་ཁུངས་ཀྱི་འབུམ་རམས་པའི་ལས་གཞི་ལ་རྒྱབ་སྐྱོར་གྱི་ཆེད་དུ་སྒོར་ལྔ་བཅུ་ལས་མི་ཉུང་བ་ཞལ་འདེབས་སྤུང་རྒྱུ།

བཅས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དགུ་པས། སྤྱི་ལོ་ ༢༠༡༥ ཟླ་བ་ ༢ པའི་ཚེས་ ༡༤ ཉིན་ཕུལ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *