ངོ་སྤྲོད།

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ནི་སྤྱི་ལོ་༢༠༠༦ལོར་རྒྱ་གར་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་ཁག་ཅིག་གིས་མ་གྲོས་བསམ་པ་གཅིག་མཐུན་ཐོག་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ད་བར་ཚོགས་ཆེན་འདི་ཉིད་ཐེངས་བཅུ་གཅིག་ཙམ་འཚོགས་ཟིན། ཚོགས་ཆེན་ཐོག་གྲོས་བསྡུར་འདྲ་མིན་དང་། འགྱུར་བ་རིམ་པའི་ཁྲོད་ད་ལྟའི་ཆར་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་བཞིན་ཚོགས་སྡེ་གསུམ་གྱི་ཐོག་ནས་གྲུབ་པའི་ཚོགས་ཆེན་ཞིག་ཡིན།དང་པོ། ཞིབ་འཇུག་ཚོགས་ཆུང་། ཞིབ་འཇུག་ཚོགས་ཆུང་འདི་ནི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དགུ་པའི་སྐབས་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ཚོགས་པ་འདིས་ཚོགས་ཆེན་སྐབས་བཞག་པའི་གྲོས་ཆོད་རྣམས་གོང་རིམ་ལྷན་ཁང་ཁག་དང་། ཚོགས་སྡེ་ཁག་ལ་འབུལ་རྒྱུ། ཚོགས་ཆེན་རིམ་པའི་གྲོས་ཆོད་ཀྱིས་གཙོས་ཚོགས་ཆེན་ཚོགས་ཚུལ་སོགས་ལ་ཞིབ་འཇུག་སོགས་གནང་གི་ཡོད། གཉིས་པ། གོ་སྒྲིག་ཚོགས་ཆུང་། གོ་སྒྲིག་ཚོགས་ཆུང་གིས་ལོ་ལྟར་དཔལ་འབྱོར་མཁོ་སྒྲུབ་དང་། ཚོགས་ཆེན་གྱི་བརྗོད་གཞི་གཏན་འབེབས། ཚོགས་ཆེན་དངོས་ཀྱི་གྲ་སྒྲིག་སོགས་གནང་གི་ཡོད། གསུམ་པ། སྤྱི་ཁྱབ་འབྲེལ་མཐུད་པ། སྤྱི་ཁྱབ་འབྲེལ་མཐུད་པས་ཞིབ་འཇུག་ཚོགས་ཆུང་དང་གོ་སྒྲིག་ཚོགས་ཆུང་གི་བར་གནས་ལྟ་བུར་བྱེད་པ་དང་། ལས་འགན་གཙོ་བོ་མཐོ་སློབ་ཁག་ལ་འབྲེལ་བ་བྱ་རྒྱུ་དང་། དེ་གཞན་ཚོགས་ཆེན་ཐོག་གལ་ཆེའི་ཕྱག་ལས་གནང་གི་ཡོད། མདོར་ན་ཚོགས་སྡེ་ཆེན་པོ་གསུམ་ལས་གྲུབ་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ཉིད་ལ་འབོད་སྒྲ་གཉིས་ཡོད་པ་ནི། རང་ངོ་རང་ཤེས་དང་། རང་འགན་རང་འཁུར་ཞེས་པ་དེ་ཡིན། ཚོགས་ཆེན་འདི་ནི་ཆོལ་ཁ་དང་ཚོགས་སྡེ་ཁག་གི་གཞན་དབང་དུ་མ་གྱུར་བའི་རང་དབང་ལྡན་པའི་སློབ་མའི་ཚོགས་ཆེན་ཞིག་ཡིན་པ་དང་། འདིས་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་དང་། ཤེས་ཡོན་གྱི་གནས་བབ། སྒྲིག་འཛུགས་ཀྱི་གནས་བབ་སོགས་རྣམ་གྲངས་མང་ལ་གལ་གནད་ཆེ་བའི་གནད་དོན་མང་པོར་བགྲོ་གླེང་དང་། གྲོས་ཆོད་རྣམས་ཚོགས་སྡེ་ཁག་ལ་འབུལ་བར་མ་ཟད། སློབ་མའི་བདེ་སྡུག་དང་མཐོ་རིམ་སློབ་མ་རྣམས་ཀྱི་མ་འོངས་པའི་མདུན་ལམ་སོགས་ཀྱི་ཐོག་བགྲོ་གླེང་བྱ་སའི་གླེང་སྟེགས་གལ་ཆེན་ཞིག་ཡིན། ངོ་སྤྲོད་རྒྱས་པ་ཚོགས་ཆེན་སྐབས་སོ་སོའི་མ་ཡིག་ནང་གསལ་ཡོད།